ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་བྷོབ་ཌོལ་གཤེགས་པར་ཐུགས་གསོ།


༄༅།། ཁ་སང་ཕྱི་ཚེས་༥་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་༡༩༩༦་ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་བྷོབ་ཌོལ་དགུང་གྲངས་༩༨་ཐོག་ཏུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད་ཅིང་། དེ་རིང་ཕྱི་ཚེས་༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དམ་པ་དེའི་བཟའ་ཟླ་ཨ་ལི་ཛ་བྷེ་ཐེ་ཌོལ་གྱི་མཚན་ཐོག་ཏུ་ཐུགས་གསོའི་ཕྱག་བྲིས་ཤིག་གནང་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གིས་སྩལ་བའི་ཕྱག་བྲིས་ནང་དུ་བྷོབ་ཌོལ་དམ་པ་དེའི་མཛད་རྗེས་ཁག་ལ་རྗེས་དྲན་དང་བསྔགས་བརྗོད་གནང་འདུག་ ཁོང་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས་པའི་སྐབས་སུ་༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་སྒྱུར་བསྐྱངས་རེ་བཞིན་དུ་བྷོབ་ཌོལ་ལ་མཇལ་འཕྲད་གནང་ནས་དགོངས་ཚུལ་བརྗེ་ལེན་གནང་མྱོང་ཡོད་པ་མར་ཟད། ༧གོང་ས་མཆོག་ལོ་ཤས་གོང་དུ་ཨ་རིར་ཆིབས་སྒྱུར་བསྐྱངས་པའི་སྐབས་སུའང་ཟུར་མཇལ་གནང་མྱོང་ཡོད་པ་རེད། དབུ་ཁྲིད་རྣམ་གཉིས་ལ་དུས་ནས་དུས་སུ་ཕྱག་བྲིས་གནང་རེས་ཀྱང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། བྷོབ་ཌོལ་དམ་པ་དེ་ཉིད་ཨ་རིའི་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་སྙན་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་དུས་རབས་སྔོན་མའི་ལོ་རབས་༥༠་བ་ནས་ལོ་རབས་༩༠་བའི་བར་དུ་གོ་གནས་འདྲ་མིན་བཟུང་སྟེ་སྲིད་དོན་ཚོགས་པ་དེའི་ལས་དོན་ཁག་ལ་ཞུགས། མཐའ་མཇུག་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་འདུག ཁོང་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་དམག་མིའི་ཁོངས་སུ་བཞུགས་ཏེ་རྨས་སྐྱོན་ཕོག་པའི་དམག་མི་ཟུར་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་རང་དབང་ཐོབ་ཐང་དམན་པའི་མང་ཚོགས་ལ་རྟག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་རེད་ཅེས་བཀོད།

སྐུ་ཞབས་བྷོབ་ཌོལ་གཤེགས་པའི་གནས་ཚུལ་ཐོན་རྗེས་སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འཐུས་མི་དམ་པ་དེ་ཐུགས་གཤིས་བཟང་པོ་དང་དྲང་བདེན། མཉམ་མཐུན་གྱི་ནུས་པར་ཤུགས་སྣོན་བསྐྱོན་མཁན་གྱི་སྐྱེས་བུ་ཞིག་ཡིན་ཞེས་རྗེས་དྲན་ཞུས། བྷོབ་ཌོལ་དམ་པ་དེ་ཉིད་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་གྲས་སུ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་གི་གཅིག་ཡིན་འདུག ཟླ་ཤས་གོང་དུ་བྷོབ་ཌོལ་ལ་གློ་སྐྲན་རིམ་པ་བཞི་པའི་སྙུང་གཞི་ཕོག་ཡོད་པ་ཤེས་རྟོགས་བྱུང་སྟེ་སྨན་བཅོས་བྱེད་བཞིན་ཡོད་ཅེས་ཡོངས་གྲགས་སུ་བསྒྲགས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG