ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

བོད་མིའི་སྒྲིག་འཛུགས་ཀྱིས་བོད་པ་ཚོར་སྨན་ཁབ་རྒྱག་དགོས་པའི་ནན་སྐུལ།


༄༅།། ཕྱི་ཟླ་༨་ཚེས་༢༦་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་པ་བསྟན་འཛིན་སྒྲོལ་དཀར་གྱིས་བདུན་ཕྲག་འདིར་རྒྱ་བལ་གཉིས་སུ་གནས་འཁོད་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ལོ་ན་༡༨་ཡན་ཆད་ལ་སོན་པ་དེ་དག་གི་གྲས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀར་བརྒྱབ་ཟིན་པའི་མི་གྲངས་༢༤༥༡༨་བྱུང་ཡོད་དང་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན་པའི་མི་གྲངས་༢༩༠༡༦་བྱུང་འདུག གྲངས་ཐོ་དེར་གཞིགས་ན་སྨན་ཁབ་མ་བསྐྱོན་པའི་གྲས་སུ་འཆི་སྐྱོན་འཕོག་གི་ཡོད་པ་མང་བ་འབྱུང་གི་འདུག དེར་བརྟེན་བོད་པ་ཚོས་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས། སྨན་ཁབ་གཉིས་ཀ་བརྒྱབ་ཟིན་ཡོད་ཀྱང་སྔར་བཞིན་ནད་འགོག་གི་ལས་དོན་རྣམས་ལྷོད་ཡངས་མེད་པར་དམ་འཛིན་བྱ་དགོས་ཞེས་འབོད་སྐུལ་ཞུས་སོང་།།

གཟའ་འཁོར་འདིར་རྒྱ་བལ་གཉིས་ཀྱི་བོད་པ་བཙན་བྱོལ་བའི་ཚོགས་སྡེ་ཁག་ཏུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་༣༦་དང་མི་༢་ལ་འཆི་སྐྱོན། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན་རྒྱ་གར་དང་བལ་ཡུལ་གཉིས་སུ་ཏོག་དབྱིབས་འགོས་པའི་མི་༦༡༧༡་བྱུང་ཡོད་པ་དང་མི་༩༡་ལ་འཆི་སྐྱོན། མི་༡༤༨་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་མི་༥༩༣༢་དྲག་སྐྱེད་བྱུང་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མིའི་རུ་ཁག་ཁག་གཅིག་རྒྱ་གར་གྱི་བོད་པ་གནས་སྡོད་གཞིས་སྒར་ཁག་ཏུ་སྐོར་སྐྱོད་བྱེད་བཞིན་ཡོད། རྒྱ་གར་བྱང་ཤར་ཁུལ་དུ་གནས་འཁོད་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་སྐོར་སྐྱོད་ལ་ཕེབས་བཞིན་པའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལ་ཁ་པར་བརྒྱུད་ནས་བོད་པའི་ས་གནས་ཁག་གི་གནས་སྟངས་སོགས་བཅར་འདྲི་ཞུས། ཁོང་གིས་ད་སྔ་སྐོར་སྐྱོད་བྱས་ཟིན་པའི་བོད་མིའི་གཞིས་སྒར་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲ་སྒྲིག་འཐུས་ཚང་འདུག་ཅེས་ལན་འདེབས་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG