ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཚོར་ནད་དུག་བརྟད་དཔྱད།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལྷན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ལས་བྱེད་པ་འགའ་ཞིག་ཐོན། དེ་རིང་ཕྱི་ཟླ་༩་པའི་ཚེས་༢༠་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ལས་སྣེ་ཚོས་སྲིད་སྐྱོང་གི་ལམ་སྟོན་ལྟར་ལྷན་ཁང་ཁག་གི་ལས་བྱེད་པ་དང་དེ་དག་ལ་འབྲེལ་བ་བྱུང་བའི་མི་ཡོངས་རྫོགས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཕར་བྱམས་པ་ཕུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་འདུག ཁོང་གིས་འདས་པའི་ཉིན་ཤས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་༡༥་ལ་ཏོག་དབྱིབས་ནད་དུག་འགོས་སོང་། བདུན་ཕྲག་སྔོན་མར་འཕྲོད་བསྟེན་ལས་ཁུངས་ནས་འགོ་འཛུགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་པ་ཚོར་རྟག་དཔྱད་བྱས་པ་ཡིན། དེ་དག་གི་གྲས་སུ་ནད་རྟགས་ཐོན་པ་རྣམས་འཕྲལ་དུ་དབུས་སྣེ་ལེན་ཁང་གི་ཏོག་དབྱིབས་ནད་དུག་གསོ་བཅོས་ཁང་ལ་བཏང་ཟིན། ཁོ་ཚོར་འབྲེལ་ཐུག་བྱུང་ཡང་ནད་རྟགས་མ་ཐོན་པ་རྣམས་གནས་སྐབས་རང་ཁྱིམ་དུ་ཟུར་འགོག་བྱེད་ཡོད། ལས་བྱེད་པ་འབྲེལ་ཐུག་མ་བྱུང་བ་དང་ནད་རྟགས་མ་ཐོན་པ་རྣམས་སྔར་བཞིན་ལས་ཁུངས་སུ་བཅར་གྱི་ཡོད། ཕྱི་ཚེས་༡༧་ཉིན་ལས་ཁུངས་ཁག་གི་ལས་བྱེད་པ་བརྒྱ་ཆ་༥༠་ཐམ་པ་རེས་མོས་ཀྱིས་ལས་ཁུངས་སུ་བཅར་དགོས་པའི་གསལ་བསྒྲགས་སྤེལ་བ་ཡིན་ཞེས་བཀྲལ།།

བོད་ཀྱི་བརྙན་འཕྲིན་ཁང་གི་སྤྱི་ཚོགས་དྲྭ་ལམ་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་བརྒྱ་ཆ་༥༠་ཐམ་པ་རེས་མོས་ཀྱིས་ལས་བཅར་ཞུ་དགོས་པའི་སྟབས་ཀྱིས་ལས་རིམ་ཁག་ཅིག་དུས་འགྱངས་ཡོང་སྲིད་ཅེས་བསྒྲགས། ཉེ་ལམ་ཕྱི་ཚེས་༡༧་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་དགུང་གྲངས་༧༡་ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་བཞུགས་སྒར་ཁུལ་གྱི་ཧིན་བོད་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱིས་བོད་ཁྱིམ་ཉིན་མོའི་སློབ་གྲྭར་རིན་མེད་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དང་སྨན་ཁབ་བརྒྱབ། སྐབས་དེར་མང་ཚོགས་ཀྱི་གྲས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཁག་ཅིག་ཐོན། དེར་བརྟེན་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་རླབས་གསུམ་པ་ཁྱབ་ཀྱི་ཡོད་སྲིད་པའི་སྔོན་རྟགས་ཤིག་ཐོན། འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་རྟགས་ཐོན་མཁན་ཡོངས་རྫོགས་དབུས་སྣེ་ལེན་ཁང་གི་གསོ་བཅོས་ཁང་དུ་གཏང་རྒྱུའི་གཏན་ཁེལ་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་སྔོན་ནས་རྩད་གཅོས་ཐུབ་ཡོད་ན་སྨན་བཅོས་བྱེད་ཆོག ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱིས་བརྟག་དཔྱད་གང་མང་བྱ་རྒྱུ་གཙིགས་སུ་བཟུང་ཡོད། ད་ལྟ་ཏོག་དབྱིབས་ནད་དུག་གི་ངོ་བོ་འགྱུར་གྱི་ཡོད་པས་བོད་པ་ཚོས་རྟག་ཏུ་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་དུ་བསྟེན་དགོས་པར་མ་ཟད། སྨན་ཁབ་རྒྱག་རྒྱུར་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བྱས་ཤིང་། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཀྱང་བོད་པའི་སྤྱི་ཚོགས་སུ་ནད་དུག་འགོས་པའི་མི་གྲངས་མང་དུ་འགྲོ་བཞིན་པར་གཞིགས་ནས་མང་ཚོགས་ལ་མི་ཚོགས་འདུ་འཛོམ་དང་ཁྲོམ་གཞུང་དུ་མཉམ་རུབ་བྱས་ནས་བྲོ་འཁྲབ་པ་དང་ཁ་བརྡ་བྱས་ནས་མི་ཚོགས་མི་འདུ་བའི་འབོད་སྐུལ་གསལ་བསྒྲགས་སྤེལ་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG