ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་གྲུབ་འདས་གྲོངས།


༄༅།། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་དང་ད་ལྟ་བཙན་བྱོལ་སྤྱི་ཚོགས་སུ་གནས་འཁོད་དགེ་འདུན་ཚེ་རིང་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། ཕྱི་ཟླ་༩་པའི་ཚེས་༡༥་དགོང་མོར་རྒྱ་ནག་གི་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བོད་པ་ཆབ་སྲིད་བཙོན་ཟུར་གྲྭ་ཚེ་རིང་དོན་གྲུབ འདས་གྲོངས་སུ་གྱུར་ཡོད་ཅིང་། ཁོང་ལ་མཆིན་ནད་ཕོག་སྟེ་ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བ་དང་གྲྭ་ཚེ་རིང་དོན་གྲུབ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ལོ་གསུམ་ལ་བཙོན་འཇུག་གི་མནར་གཅོད་ཕོག ཁོང་ནི་༢༠༠༨་ཀྱི་གཞུག་ཏུ་བོད་ནང་གི་དངོས་ཡོད་གནས་སྟངས་བཀོད་པའི་དཔེ་དེབ་གསོན་མིག་ཅེས་པ་རྩོམ་སྒྲིག་བྱེད་མཁན་གྱི་མི་གསུམ་ཡོད་པ་དེ་དག་གི་གྲས་ཀྱི་གཅིག་ཡིན་འདུག

ཕྱིས་སུ་དཔེ་དེབ་དེ་རྩོམ་སྒྲིག་དང་དཔར་དུ་བསྐྲུན་པའི་ཉེས་མིང་འོག་༢༠༡༠་ལོའི་ཕྱི་ཟླ་༢་པའི་ནང་དུ་རྒྱ་གཞུང་གི་ཉེན་རྟོག་པས་གྲྭ་ཚེ་རིང་དོན་གྲུབ་འཛིན་བཟུང་བྱས་ནས་འབར་ཁམས་སུ་བཀག་ཉར་བྱས་པར་མ་ཟད། ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། དེའི་རྗེས་སུ་༢༠༡༣་བར་དུ་མེན་ཡཱང་བཙོན་ཁང་དུ་བཅུག་སྟེ་མཐའ་མཇུག་གློད་གྲོལ་ཐོབ། འོན་ཀྱང་བཙོན་འཇུག་བྱས་པ་སོགས་ཀྱི་དབང་གིས་གྲྭ་ཚེ་རིང་དོན་གྲུབ་ཀྱི་ལུས་སྟོབས་ཉམས་པ་དང་མཆིན་ནད་ཕོག མཆིན་ནད་དེར་ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བར་མདང་ནུབ་ཚེ་ལས་འདས་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

གྲྭ་ཚེ་རིང་དོན་གྲུབ་ནི་རྟག་ཏུ་རྩོམ་རིག་སྒྱུ་རྩལ་གྱི་ཕྱོགས་ལ་དགའ་ཞེན་ཆེ། ལྷག་པར་དུ་རྩོམ་འབྲི་ལ་དགའ་བའི་དབང་གིས་བཙོན་གྲོལ་ཐོབ་པའི་གཞུག་ཏུ་རྒྱ་ནག་གཞུང་གིས་མུ་མཐུད་དུ་ལྟ་རྟོག་ནན་པོ་བྱས་ཀྱང་བཙོན་ཁང་དུ་བྲིས་པའི་རྩོམ་ཡིག་དང་རྔུལ་ཁྲག་ཅེས་བའི་རྩོམ་དེབ་ཅིག་དཔར་དུ་བསྐྲུན། བོད་པ་ཆབ་སྲིད་བཙོན་ཟུར་འདས་པོ་དེའི་རྩོམ་པ་པོ་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་དང་སྙུག་མིང་ལ་ཤིང་ལོ་དམར་པོ་ཟེར་ཞིང་། ཁོང་ནི་སི་ཁྲོན་རྔ་བ་ཁུལ། ཁྱུང་ཆུ་རྫོང་གསེར་དེའུ་རོང་ཐ་སྡེ་པ། རོང་ཐ་དགོན་པའི་གྲྭ་པ་ཞིག་ཡིན་པ་དང་ཤུལ་དུ་ཕ་མ་གཉིས་དང་སྤུན་མང་པོ་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG