ངོ་འཕྲད་བདེ་བའི་དྲ་འབྲེལ།

རྡ་རམ་ས་ལར་གསུམ་བརྒྱད་མཆོད་འབུལ་ཚོགས་པ།


༄༅།། ཕྱི་ཟླ་༣་པའི་ཚེས་༨་ཉིན་ནི་ཕྱི་ལོ་༡༩༨༩་ལོའི་ཕྱི་ཟླ་༣་པའི་ཚེས་༨་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་པ་སེར་སྐྱ་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམས་སྐོར་བྱས་པར་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཧུ་ཅིན་ཐའོ་ཡིས་དམག་མི་༢༠༠༠་ལྷག་བཏང་སྟེ་དྲག་པོའི་ཁྲིམས་གཞི་བསྡམས། སྐབས་དེའི་ཞི་རྒོལ་ལ་ཞུགས་མཁན་བོད་པ་སྐྱ་སེར་ཇི་སྙེད་ཅིག་གི་ཚེ་སྲོག་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་པ། དེ་བཞིན་བོད་པ་མང་དག་ཅིག་འཛིན་བཟུང་བྱས་ཏེ་ལོ་༣༢་འཁོར་བའི་དུས་ཚེས་ཁེལ་ཡོད་ཅིང་། ལོ་ལྟར་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་ཞི་རྒོལ་ནང་དུ་བོད་བསྟན་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་འདས་པོ་ཚོར་མཆོད་འབུལ། ད་དུང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པ་ཚོར་གདུག་སེམས་མཉམ་སྐྱེད་མཚོན་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཧྲག་བསྡུས་ཀྱིས་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།།

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གསུམ་བརྒྱད་མཆོད་འབུལ་གྱི་དུས་དྲན་དེའི་བྱུང་རབས་སོགས་ལ་གཏམ་བཤད་བྱས་ཤིང་། ༡༩༨༧་ནས་༨༩ བར་དུ་ལྷ་སའི་ཞི་རྒོལ་ལ་མཉམ་ཞུགས་བྱས་པའི་རྐྱེན་གྱིས་བཙོན་ཁང་དུ་སྐུ་ཚེ་མ་ཟིན་པ་མང་པོ་ཞིག་བྱུང་ཡོད། ཕྱིས་སུ་བཙོན་གྲོལ་ཐོབ་པ་ཁག་ཅིག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཁོ་ཚོ་ནི་སྐབས་དེའི་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་འོག་བོད་ཚོས་གདུག་རྩུབ་ཅི་ཙམ་མྱངས་དགོས་བྱུང་ཡོད་མེད་ཀྱི་དཔང་པོ་གསོན་པོར་གྱུར་ཏེ་སོ་སོའི་དངོས་མྱོང་རྣམས་མང་ཚོགས་དྲིལ་བསྒྲགས་དང་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ནས་དཔེ་དེབ་བྲིས་པ་རྣམས་ལྟ་ཀློག་བྱ་རྒྱུ་ཡོད་པ་རེད། ཆོས་རིག་བཀའ་བློན་གྱིས་བོད་པ་ཞི་རྒོལ་བའི་བློས་གཏོང་ལ་རྗེས་དྲན་དང་ཡི་རངས་ཞུ་དགོས་ཞེས་ནན་བརྗོད་གནང་འདུག

ཕྱི་ལོ་༡༩༨༩་ལོར་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་ཁྲིམས་གཞི་བསྡམས་ནས་འཛམ་གླིང་གི་གནོན་ཤུགས་འོག་རྒྱ་གཞུང་གིས་དྲག་པོའི་ཁྲིམས་གཞི་དེ་ལོ་གཅིག་ལྷག་གི་རྗེས་སུ་ཕྱིར་འཐེན་བྱས་ཤིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ལས་སྣེ་ཁག་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་བ་སོགས་བོད་ལ་ཡོང་དུ་བཅུག་ཀྱང་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་པའི་རིང་དེར་བོད་མི་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར། ༡༩༨༧་ལོའི་ཕྱི་ཟླ་༩་པ་དང་ཕྱི་ཟླ་༡༠་པ། དེ་བཞིན་ཕྱི་ལོ་༡༩༨༨་ལོ་དང་༡༩༨༩་ལོའི་ཕྱི་ཟླ་༣་པ་བཅས་སུ་མི་དམངས་ཀྱི་ཞི་རྒོལ་ཆེན་མོ་བྱུང་ཞིང་། འདི་ནི་ཕྱི་ལོ་༡༩༥༩་ནས་བཟུང་སྟེ་བོད་པས་རྒྱ་གཞུང་ལ་ཞི་རྒོལ་བྱུང་བ་ཤུགས་ཆེ་ཤོས་ཤིག་ཏུ་གྱུར། དེ་ནས་ཕྱི་ལོ་༢༠༠༨་ལོར་ལྷ་ས་ནས་འགོ་འཛུགས་ཀྱིས་བོད་ཆོལ་གསུམ་ཡོངས་ལ་གཅིག་མཇུག་གཉིས་མཐུད་ཀྱི་ཞི་རྒོལ་དང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལངས། དུས་ཚིགས་དེ་བོད་པ་ཡོངས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་ཤུགས་ཆེ་ཤོས་སུ་གྱུར་ཡོད་པ་རེད།། འདས་པའི་ལོ་ངོ་དེ་དག་རིང་ལ་རྒྱ་ནག་གཞུང་གིས་ཕྱི་ཟླ་༣་པ་ནི་བོད་ལ་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་དུས་ཚིགས་སུ་ངོས་འཛིན་གྱིས་ཟླ་བ་འདིར་སྔར་ལས་ལྷག་པར་དམ་དྲག་བྱེད་བཞིན་ཡོད་པ་སྟེ། བོད་ནང་ནས་ཐོན་པའི་པར་རིས་ཁག་ཅིག་ལ་གཞིགས་ན་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་དམག་མིའི་རླངས་འཁོར་དང་དམག་དཔུང་སྤུང་གསོག་བྱས་འདུག མང་ཚོགས་ཀྱི་གྲས་སུའང་ཕྱི་ཟླ་༣་པ་ནས་༤་པའི་བར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་སྤུན་མཆེད་སོགས་ལ་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱེད་མི་ཆོག་པའི་ཁྲིམས་གཞི་ཁག་ཅིག་རྒྱ་གཞུང་གིས་ཡོངས་གྲགས་སུ་ལག་ལེན་བསྟར་གྱི་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG