ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་དང་སི་རི་ཡ་གཉིས་རང་དབང་མེད་པ་གཅིག་མཚུངས་སུ་གྱུར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྟེ། རང་དབང་ཁང་གིས་༢༠༢༡་ལོའི་ལས་བསྡོམས་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེར་བོད་ནི་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡ་དང་འདྲ་བར་རང་དབང་གཏན་ནས་མེད་པའི་འཛམ་གླིང་གི་ས་ཁུལ་ཆེས་སྡུག་ཤོས་སུ་གྱུར་འདུག་ཅེས་བཀོད། འདས་པའི་ལོ་མང་རིང་ཨ་རིའི་རང་དབང་ཁང་གི་ལས་བསྡོམས་སྙན་ཐོའི་ནང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སི་རི་ཡ་ལས་ཅུང་ཙམ་ཡག་ག་ཡོད་པ་དེ་སྡུག་ཏུ་ཕྱིན་པ་ཞིག་ཡིན་འདུག སྔ་ལོ་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་ཨང་ཀི་གཏན་ནས་མ་རག་པ་དང་ད་ལོ་ཨང་ཀི་གཅིག་རག་སྟེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འདྲ་མཉམ་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་ས་ཝཱ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཕྲལ་སེལ་ཚོགས་གཙོ་བུ་ཆུང་ཚེ་རིང་གིས་རང་དབང་ཁང་གི་སྙ་ཐོ་དེར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡ་དང་འདྲ་མཚུངས་སུ་གྱུར་འདུག་ཅེས་བཀོད་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཅི་ཙམ་སྡུག་པོ་ཡོད་པ་གསལ་སྟོན་བྱུང་བ་རེད། ཨ་རིའི་རང་དབང་ཁང་གིས་གོ་རིམ་བསྒྲིགས་ཡོད་པ་ལྟར་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཉིད་བཟང་ཕྱོགས་སུ་བསྒྱུར་ཐུབ་པའི་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག རྒྱ་ནག་གིས་འདས་པའི་ལོ་ཤས་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱ་རྒྱུ་ཡིན། བོད་ཀྱི་སྤྲུལ་སྐུ་རྣམས་རྒྱ་གཞུང་གིས་ངོས་འཛིན་དང་ཐུགས་ཐག་གཅོད་དགོས་པ་བཟོས་ཡོད་པ་རེད།།

རང་དབང་ཁང་པའི་ལས་བསྡོམས་སྙན་ཐོའི་ནང་དུ་རྒྱ་གཞུང་གིས་བོད་ལ་ངལ་རྩོལ་སྒྱུར་བཀོད་གྱི་ལས་གཞི་མང་དག་ཅིག་གསར་གཏོད་བྱས་ཤིང་། ༢༠༢༠་ལོའི་འགོ་སྟོད་ཟླ་བ་༧་གྱི་རིང་ལ་བོད་པ་༥༠༠༠༠༠་ལྷག་དམག་སྒར་ལྟ་བུའི་ལས་གྲྭ་ཁག་ཏུ་བསྡུས་ནས་ངལ་རྩོལ་བཙན་བཀོལ་བྱས་པར་མ་ཟད། བོད་པ་ཞིང་འབྲོག་མང་ཚོགས་ཇི་སྙེད་ཅིག་གི་ས་ཞིང་དང་རྩྭ་ས་རྣམས་རྒྱ་གཞུང་གིས་བཙན་འཕྲོག་བྱས་ནས་བོད་པའི་སྲོལ་རྒྱུན་འཚོ་བ་བཙན་སྒྱུར་བྱེད་ཀྱི་འདུག རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལའང་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སོང་། སྔ་ལོ་ནས་རྒྱ་ནག་གཞུང་གིས་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཚབ་ཏུ་སློབ་ཚན་རྣམས་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱ་རྒྱུའི་སྲིད་ཇུས་ཤིག་བཙན་ཐབས་ཀྱིས་ལག་ལེན་བསྟར་རྒྱུ་འགོ་ཚུགས་འདུག བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་ད་ལྟའི་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་ཀོའི་དུས་སུ་བོད་རང་སྐྱོང་ལྗོངས་ལ་བཙུགས་པའི་རྟོག་ཞིབ་དང་བྱ་ར་བྱེད་པའི་སྲིད་ཇུས་ཁག་ཤུགས་ཆེ་རུ་གཏོང་གི་འདུག དེང་སྐབས་གླ་གཏོང་རླངས་འཁོར་ནང་དུ་སྐྱོད་མཁན་འགྲུལ་པ་ཚོ་ལའང་རྒྱ་གཞུང་གིས་བྱ་ར་བྱེད་ཀྱི་འདུག་ཅེས་བཀོད།།

Tibetan Monk Dies from Beating in Custody
Tibetan Monk Dies from Beating in Custody

བོད་པ་ཆབ་སྲིད་བཙོན་པ་༥༠༠་ལྷག་གདུག་རྩུབ་ཤིན་ཏུ་ཆེ་བའི་རྒྱ་གཞུང་གི་བཙོན་ཁང་ཁག་ཏུ་བཅུག་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་གི་ཡོད་ཅིང་། རྒྱ་གཞུང་གིས་བོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ཀྱི་ཐོབ་ཐང་འཕྲོག་པ། བོད་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་དང་བོད་ལ་རང་དབང་དགོས་ཞེས་༢༠༠༩་ནས་བཟུང་སྟེ་ད་ལྟའི་བར་དུ་མི་༡༥༥་ཡིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ཤར་ཕྱོགས་ཁམས་ཀྱི་ཡ་ཆེན་སྒར་དུ་དགེ་འདུན་པ་དང་བཙུན་མ་༧༠༠༠་ལྷག་དགོན་པ་ནས་ཕྱིར་འབུད་བཏང་སྟེ་རང་ཁྱིམ་ལ་ཕྱིར་སློག་བྱས་འདུག དགེ་འདུན་པ་དང་བཙུན་མ་རྣམས་རང་གནས་སུ་འབྱོར་བའི་རྗེས་སུ་བཙན་ཤེད་ཀྱིས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་རྟོག་ཞིབ་བྱེད་མཁན་ལས་བྱེད་པ་༦༠༠་བསྐོ་བཞག་བྱས་འདུག་ཅེས་བཀོད།།

རང་དབང་ཁང་གི་ལས་བསྡོམས་སྙན་ཐོ་དེར་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་མང་པོར་པར་ཆས་བཙུགས་ཏེ་བོད་པ་མང་དག་ཅིག་འཛིན་བཟུང་བྱས་ནས་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་འདུག ཨ་མི་རི་ཀ་་དང་རྒྱལ་སྤྱིའི་ཡུལ་ཁག་གིས་བོད་པའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁག་ལ་རྒྱབ་སྐྱོར་དང་རྒྱ་ནག་གིས་བོད་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་སྐྱོན་བརྗོད། ན་ནིང་ལོ་མཇུག་དེར་ཨི་མི་རི་ཀས་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞེས་གལ་འགངས་ཤིན་ཏུ་ཆེ་བའི་བོད་དོན་སྲིད་ཇུས་ཤིག་གཏན་ལ་ཕབ། ཨ་རིའི་ཁྲིམས་དེར་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་དང་ཐག་གཅོད་ཀྱི་དབང་ཚད་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གང་ཉིད་དང་བོད་མི་དམངས་ལ་ཡོད་ཅེས་འཁོད། དེ་བཞིན་ཕྱི་ལོ་༢༠༡༨་ལོར་གཏན་འབེབས་བྱུང་བའི་བོད་ལ་འགྲོ་འོང་འདྲ་མཉམ་ཀྱི་ཁྲིམས་གཞི་དེས་ཨ་མི་རི་ཀ་སོགས་རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ་ཁག མི་དམངས་དཀྱུས་མ་རྣམས་བོད་ལ་འགྲོ་འཐུས་ཆོག་པའི་དགོས་འདུན་བཏོན། བོད་པ་ཚོར་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོ་ཨ་མི་རི་ཀར་ཡོང་མི་ཆོག་པ། ཨ མི་རི་ཀའི་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་བོད་པའི་རང་དབང་ཐོབ་ཐང་ལ་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ། ཡང་ན་༧གོང་ས་མཆོག་གང་ཉིད་ཀྱི་སྐུ་ཚབ་ལ་གྲོས་མོལ་བྱ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།།

XS
SM
MD
LG