ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བདུན་ཕྲག་འདིར་བོད་པ་བཙན་བྱོལ་བ་༡༧༨་ལ་ནད་དུག་འགོས།


༄༅།། ཕྱི་ཟླ་༧་པའི་ཚེས་༢༩་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བདུན་ཕྲག་འདིར་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་༡༧༨་ཐོན་སོང་། དེང་སྐབས་རྒྱ་གར་གྱི་ས་གནས་གང་སར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོ་དྲག་སྐྱེད་བྱུང་སྟེ་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་འདུག ཡིན་ནའང་རྒྱ་གར་གྱི་དུས་ཆེན་ཁག་ཅིག་སླེབས་ཀྱི་ཡོད་པས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ནད་པ་གསར་པ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་ནན་བརྗོད་བྱས་འདུག

སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན། ད་ལྟའི་སྐབས་འདིར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ནད་པ་མང་ཤོས་ཡོད་ཅིང་། ས་གནས་ས་ཐོག་གི་གནས་ཚུལ་རྣམས་རྒྱུས་ལོན་ཆེད་དུ་ཁུལ་དེའི་སྨན་པ་བཀྲ་ཤིས་བཟང་པོར་བཅར་འདྲི་ཞུས། ཁོང་གིས་སྦེལ་ཀོབ་གཞིས་ཆགས་ཀྱི་ནད་པ་ཁག་ཅིག་རང་ཁྱིམ་དུ་ཟུར་འགོག་བྱས་ནས་བཞག་ཡོད། འོན་ཀྱང་རྒྱ་གར་གྱི་ཏ་ལུཀ་སྨན་ཁང་གིས་ནད་པ་རྣམས་རང་ཁྱིམ་དུ་བཞག་ན་ཁུལ་དེར་ནད་དུག་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཡོད་པས་ལྟ་རྟོག་ཁང་དུ་འཇོག་དགོས་པའི་ནན་སྐུལ་བྱེད་ཀྱི་འདུག སྦེལ་ཀོབ་གཞིས་ཆགས་ཀྱི་བོད་པ་ཏོག་དབྱིབས་ནད་དུག་འགོས་མེད་པའི་ནད་པ་ཚོ་ལའང་ལྟ་རྟོག་བྱེད་དགོས་པས་འབྲེལ་ཡོད་འགོ་ཁྲིད་ཚོར་སྨན་པ་མང་དུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཅེས་ལན་འདེབས་བྱས་འདུག

སྨན་པ་བཀྲ་ཤིས་བཟང་པོས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཏོག་དབྱིབས་ནད་རླབས་དང་པོའི་སྐབས་སུ་གྲྭ་ཚང་ཁག་ཏུ་ནད་པ་ཁ་ཤས་ཐོན་རུང་གཞིས་གྲོང་ཁག་ཏུ་དེ་ཙམ་དཀའ་ངལ་ཕྲད་མ་སོང་། ད་ལོའི་ཕྱི་ཟླ་༧་པར་རྒྱ་གར་རྒྱལ་ཡོངས་སུ་ནད་རླབས་གཉིས་པའི་བཀག་སྡོམ་ཕྱིར་འཐེན་བྱས་པའི་རྗེས་སུ་སྦེལ་ཀོབ་གཞིས་གྲོང་དུ་དཀའ་ངལ་ཆེ་བ་བྱུང་ཞིང་། གཙོ་བོ་མང་ཚོགས་ཀྱིས་ནད་ཡམས་ལ་ངོས་འཛིན་བྱེད་སྟངས་དེར་ཁྱད་པར་ཡོང་གི་འདུག་ཅེས་བཀྲལ། ད་ལྟའི་སྐབས་སུ་སྦེལ་ཀོབ་གཞིས་གྲོང་ཁག་ལ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་ཀྱང་ནད་པ་མང་བ་ཡོད་སའི་གཞིས་གྲོང་ཁག་དང་དགོན་སྡེ་གྲྭ་ཚང་བཅས་ཀྱིས་ནད་དུག་ཁྱབ་གདལ་མི་ཡོང་བའི་ཆེད་དུ་རང་ངོས་ནས་འགྲོ་འོང་བཀག་འགོག་ཕྱིར་འཐེན་བྱས་མེད་པ་རེད།།

དེ་རིང་གི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བཤད་ཐོག་ཏུ་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་དེར་ནད་ཡམས་འདིས་འཛམ་གླིང་སྤྱི་ལ་དཀའ་ངལ་དུ་མ་ཞིག་འཕྲད་དུ་བཅུག་པ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་ལུས་སེམས་གཉིས་ཀྱི་དཀའ་ངལ་ཆེན་པོ་ཕྲད་ཡོད་པར་མ་ཟད། ཁ་ཤས་ཀྱི་འཚོ་རྟེན་ལ་དོ་ཕོག་བྱུང་སོང་། ད་དུ་ཡང་རྒྱ་གར་རྒྱལ་ཡོངས་ཀྱི་ནད་པའི་གྲངས་ཚད་ཕར་ཆག་འགྲོ་སྟངས་ལ་གཞིགས་ན་ལྷོད་ཡངས་བྱེད་པའི་དུས་ཚོད་མ་རེད། ཚང་མས་སྨན་ཁབ་བརྒྱབ་པའི་རྗེས་སུ་རང་ངོས་ནས་ནད་དུག་སྔོན་འགོག་བྱ་རྒྱུར་ཡིད་གཟབ་བྱ་དགོས་ཞེས་ནན་བརྗོད་གནང་སོང་། ད་ལྟའི་བར་དུ་འཕྲོད་བསྟེན་ལྷན་ཁང་ལ་ཐོ་འགོད་བྱས་པར་གཞིགས་ན་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༥༧༡༦ ལ་ནད་དུག་འགོས་པ་དང་མི་༡༣༨་ལ་འཆི་སྐྱོན། མི་༥༠༤༢་དྲག་སྐྱེད་བྱུང་བ་དང་མི་༥༣༦་སྨན་བཅོས་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG