ངོ་འཕྲད་བདེ་བའི་དྲ་འབྲེལ།

བདུན་ཕྲག་འདིར་བོད་པ་༢༤་ལ་ནད་དུག་འགོས་འདུག


༄༅།། ཕྱི་ཟླ་༩་པའི་ཚེས་༩་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་རྒྱ་བལ་གཉིས་ཀྱི་བོད་པའི་སྤྱི་ཚོགས་སུ་བདུན་ཕྲག་འདིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༤་མ་གཏོགས་བྱུང་མེད་པ་དང་སྨན་བཅོས་བྱེད་པའང་མི་༤༩་ལས་མེད། ད་ལྟའི་ཆར་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཚོ་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་ཁག་ཅིག་ལ་རྟོག་ཞིབ་ཏུ་བསྐྱོད་ཡོད། བོད་པ་འདུས་སྡོད་ས་གནས་གཞན་ཁག་ལ་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པར་སྔོན་འགོག་གི་གྲ་སྒྲིག་འཐུས་ཚང་ཞིག་ཡོད་མེད་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་ལྟར་ཉེ་ཆར་རྒྱ་གར་བྱང་ཤར་ཁུལ་དུ་རྟོག་ཞིབ་ལ་ཕེབས་པའི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་མི་མང་གིས་སྔར་བཞིན་ནད་ཡམས་འདིར་དོགས་པ་དང་རྣམ་རྟོག་འདྲ་མིན་ཞིག་བྱེད་ཀྱི་འདུག དེར་བརྟེན་ནད་དུག་འགོག་བཅོས་ལ་དཀའ་ངལ་འཕྲད་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ་འདུག

སྨན་པ་བསྟན་འཛིན་བརྩོན་འགྱུས་ཀྱིས་དེང་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་རག་པའི་དཀའ་ངལ་མེད་པར་མ་ཟད། ས་གནས་གང་སར་མང་ཚོགས་ཀྱིས་སྨན་ཁབ་རྒྱག་རྒྱུ་གལ་ཆེན་དུ་བརྩི་དགོས་ཞེས་ལམ་སྟོན་དང་བོད་པ་བཙན་བྱོལ་བ་རང་ལོ་༡༨་ཡན་ཆད་ལ་སོན་པའི་མི་གྲངས་བརྒྱ་ཆ་༩༠་ལྷག་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན་ཞིང་། ད་དུང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ཀུན་གྱིས་གཙིགས་སུ་འཛིན་དགོས་ཞེས་ནན་སྐུལ་ཞུས་སོང་།།

འདས་པའི་ཟླ་ཤས་རིང་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཁྲི་བཞི་ཡས་མས་རེ་འབྱུང་གི་ཡོད་པའི་མང་ཆེ་བ་ནི་རྒྱ་གར་ལྷོ་ཕྱོགས་ཁུལ་ཡིན་མོད། འོན་ཀྱང་ཀེ་ར་ལ་མངའ་སྡེའི་ནང་དུ་ནཱི་པཱ་ཞེས་པའི་ན་ཚ་གསར་པ་ཞིག་ཁྱབ་ཀྱི་ཡོད་པ་དང་ནད་རྟགས་ཀྱང་ཏོག་དབྱིབས་ནད་དུག་འདྲ་པོ་ཞིག་རེད། ཀེ་ར་ལ་མངའ་སྡེར་ས་ཐག་ཉེ་པོ་ཡོད་པའི་ཀར་ན་ཀྲ་ཀ་མངའ་སྡེའི་བོད་པའི་གཞིས་ཆགས་དང་དགོན་སྡེ་ཁག་གིས་དེ་ལ་གཟབ་ནན་བྱ་དགོས་ཞེས་བསྟན། བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པར་སྔོན་འགོག་གི་གྲ་སྒྲིག་དང་སྨན་ཁབ་མ་རག་པའི་བོད་པ་ལོ་ན་༡༨་མན་ཆད་ཚོར་དམིགས་བསལ་གྱིས་དོ་ཁུར་ལེན་གྱི་ཡོད་ཅིང་། སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་ལོ་གཅིག་དང་ཕྱེད་ཀའི་རིང་ནད་ཡམས་འདིར་ཚན་རིག་པ་དང་སྨན་པ་ཚོས་རྟག་དཔྱད་བྱས་པའི་འབྲས་བུར་ཐ་མག་དང་རྡོ་ཐ་འཐེན་མཁན་ཚོར་ཉེན་ཚབས་ཆེན་པོ་ཡོད་པ་ར་འཕྲོད་བྱུང་ཡོད་པས་བོད་པ་ཚོས་ཐ་མག་དང་རྡོ་ཐ་འཐེན་རྒྱུ་མཚམས་འཇོགས་བྱེད་ཐུབ་ན་དགེ་མཚན་ཆེ་ཞེས་འབོད་སྐུལ་ཞུས་འདུག ད་ལྟའི་བར་དུ་རྒྱ་གར་དང་བལ་ཡུལ་གཉིས་སུ་ཏོག་དབྱིབས་ནད་དུག་འགོས་པའི་བོད་པ་༦༢༧༠་བྱུང་འདུག་པ་དང་མི་༡༥༠་ཐམ་པར་འཆི་སྐྱོན། ། ད་ལྟ་སྨན་བཅོས་བྱེད་བཞིན་པ་དང་༤༩་ཡོད་པ་དང་མི་༦༠༧༡་དྲག་སྐྱེད་བྱུང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG