ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་སྔོན་མར་བོད་པ་བཙན་བྱོལ་བ་༢༤་ལ་ནད་དུག་འགོས་པ།


༄༅།། ཕྱི་ཟླ་༢་པའི་ཚེས་༤་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེར་རྒྱ་གར་དུ་བོད་པ་ཏོག་དབྱིབས་ནད་དུག་འགོས་པའི་མི་༢༤་བྱུང་ཡོད་པ་དང་མི་༣་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག དེ་ནི་བདུན་ཕྲག་སྔོན་མ་དེར་བསྡུར་ན་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་གི་གནས་སྟངས་སྡུག་ཏུ་ཕྱིན་པ་ཞིག་རེད་ཅེས་ཁྱབ་བསྒྲགས་གནང་སོང་། ད་ཐེངས་ཀྱི་བདུན་ཕྲག་འདིར་བཞུགས་སྒར་རྡ་རམ་ས་ལའི་བྱམས་པ་གླིང་རྒན་གསོ་ཁང་དུ་ནད་པ་༡༥་ཐོན་ཡོད་ཅིང་། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ནད་པ་མང་ཤོས་ཐོན་པའི་གཟའ་འཁོར་ཞིག་ཡིན་པས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལ་ཞལ་པར་བརྒྱུད་ནས་འདྲི་རྩད་ཞུས། ཁོང་གིས་རྒན་གསོ་ཁང་དེའི་བགྲེས་སོང་ཁག་ཅིག་ལ་ཆམ་རིམས་ལྟ་བུའི་ནད་རྟགས་ཤིག་ཐོན་པ་རེད། ཁོང་ཚོ་ཚང་མར་བརྟག་དཔྱད་བྱས་དུས་ཏོག་དབྱིབས་ནད་དུག་འགོས་པ་ཤེས་རྟོགས་བྱུང་སོང་། དེའི་རྗེས་སུ་རྒན་གསོ་ཁང་གི་བགྲེས་སོང་༥༠་ཐམ་པ་དང་ལས་བྱེད་པ། ལས་བྱེད་པའི་བཟའ་མི་བཅས་ཁྱོན་བསྡོམས་མི་༦༣་ལ་བརྟག་དཔྱད་བྱས་པའི་འབྲས་བུར་མི་༡༥་ལ་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བ་རེད་ཅེས་བཀྲལ།།

གསར་འགོད་པས་བགྲེས་སོང་ནད་རྟགས་གསལ་པོ་འཐོན་མེད་པ་རྣམས་མུ་མཐུད་དུ་རྒན་གསོ་ཁང་དུ་བཞུགས་མུས་ཡིན་པས་ནད་དུག་འགོས་ཡོད་མཁན་དང་མེད་མཁན་གཉིས་ལ་དབྱེ་འབྱེད་གང་འདྲ་གནང་གི་ཡོད་ཅེས་དྲིས། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ཀྱིས་བྱམས་པ་གླིང་རྒན་གསོ་ཁང་གི་བགྲེས་སོང་རྣམས་སྔ་ལོའི་ཕྱི་ཟླ་གསུམ་པ་ནས་རྒྱ་གར་རྒྱལ་ཡོངས་སུ་སྒོ་རྒྱ་བསྡམས་པ་དེ་ནས་བཟུང་སྟེ་ཕྱི་ལ་ཕེབས་ཀྱི་མེད། ཁོང་ཚོར་ནད་དུག་གང་ནས་འགོས་པ་སོགས་ཁ་ཚོན་བཅད་ནས་གསལ་པོ་ཞིག་བཤད་དཀའ་ཞེས་ལན་འདེབས་གནང་སོང་། དེ་རིང་གི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བཤད་སྐབས་སུ་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་ཏོག་དབྱིབས་ནད་དུག་བཅས་ལ་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཁག་ཏུ་གནས་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་ཐམས་ཅད་ལ་ཡིད་ཆེས་མ་གནང་ལེགས། མཉམ་འབྲེལ་རྒྱལ་ཚོགས་དང་གཞུང་འབྲེལ་གྱི་དྲྭ་རྒྱའི་ནང་གི་གནས་ཚུལ་དེ་ཚོར་ལྟ་ཉན་ཀློག་གསུམ་གནང་ན་དགེ་མཚན་ཆེ་ཞེས་ནན་བརྗོད་གནང་འདུག

གཞན་ཡང་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་ཡོད་ལས་སྣེ་ཚོས་རྒྱ་གར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་ཚུགས་ནས་ནད་ཡམས་ཀྱི་མདུན་སར་འཐོན་མཁན་མི་༤༥༠༠༠་ལྷག་ལ་སྨན་ཁབ་བརྒྱབ་པའི་གྲས་སུ་བོད་པ་༢༠༠་མ་ཟིན་ཙམ་ཡོད། འགོག་ཁབ་བརྒྱབ་པའི་མི་ཚོར་སྨན་ཁབ་མ་འཕྲོད་པ་དང་ཞོར་གནོད་ཀྱི་དཀའ་ངལ་འཕྲད་མཁན་ཧ་ཅང་ཉུང་ཉུང་རེད། སྤྱིར་རྒྱ་གར་རྒྱལ་ཡོངས་དང་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་སྔོན་དང་བསྡུར་ན་ཏོག་དབྱིབས་ནད་ཡམས་འཇོམས་ཀྱི་ཡོད་ཀྱང་བོད་པ་ཚོས་སྔར་བཞིན་གཟབ་ནན་བྱ་དགོས། ལོ་གསར་གྱི་སྐབས་སུ་ངོ་ཤེས་ཕན་ཚུན་ཕྱེ་མར་མཆོད་རེས་སོགས་ལ་མ་ཕེབས་ན་ལེགས་ཞེས་ལམ་སྟོན་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ད་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG