ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༡༡/༣༠

ཨུ་རུ་སུའི་དམག་མི་གསར་པ་ཞིག་གིས་ཡུཀ་རེན་ལ་མགོ་སྒུར།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་སྐུལ་བྱས་ནས་ཉིན་འགའ་ཞིག་གི་རྗེས་སུ་དམག་མི་གསར་པ་ཚོ་ཡུཀ་རེན་གྱི་དམག་སར་དྲངས། དུས་ཡུན་བདུན་ཕྲག་གཉིས་ཀྱི་དམག་སྦྱོང་ཡང་མ་ཐོབ་པའི་ཨུ་རུ་སུའི་དམག་མི་གསར་པ་ཚོས་འཐབ་འཁྲུག་མ་བརྒྱབ་པར་འཕྲལ་དུ་ཡུཀ་རེན་ལ་མགོ་སྒུར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་ནང་སྲིད་བློན་ཆེན་གྱི་སློབ་སྟོན་པ་གྷ་ར་ཤན་ཆན་ཀོས་དར་འཕྲིན་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ། ཁོ་པས་ཕོ་གསར་ཞིག་གི་བརྙན་པར་བསྟན་ནས་མི་འདི་ཉིན་ལྔའི་གོང་དུ་ཨུ་རུ་སུའི་ནུབ་ཕྱོགས་ཀྱི་རོ་སི་ཏོབ་ས་ཁུལ་ནས་བསྡུས་པའི་དམག་མི་གསར་པ་ཞིག་རེད། ཁོ་པ་ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་དམག་སྐུལ་བཀའ་རྒྱ་བསྒྲགས་པའི་གཞུག་ཏུ་ཡུཀ་རེན་ལ་མགོ་བཏགས་པའི་དམག་མི་དང་པོ་དེ་ཡིན་ཞིང་། ཨུ་རུ་སུའི་དམག་སྡེ་༩༢་པའི་འཐབ་མོ་བ་རྣམས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཀུ་པི་ཡན་སིཀ་ས་གནས་སུ་འཛིན་བཟུང་བྱས་པ་ཡིན། ཁོ་ཚོ་སྐྲག་ནས་རེངས་འགྲོ་ཡི་འདུག ཕོ་གསར་འདི་དམག་ས་ནས་བྲོས་ཏེ་ཨུ་རུ་སུའི་རང་ཁྱིམ་དུ་ལོག་ཐབས་བྱས་ཀྱང་འགྲོ་ལམ་བརླགས་པ་རེད་ཅེས་བཀྲལ། ཨུ་རུ་སུའི་དམག་མི་གསར་པ་དེས་ང་དམག་ཁོངས་སུ་ཞུགས་པའི་ཉིན་གསུམ་པར་ཡུཀ་རེན་གྱི་དམག་གིས་འཛིན་བཟུང་བྱས་བྱུང་། ངས་ང་ཚོའི་རུ་ཤོག་གི་བཀོད་འདོམས་པ་ཐེངས་གཅིག་ལས་མཐོང་མ་མྱོང་ཞེས་འདྲི་གཅོད་སྐབས་སུ་ལན་བཏབ། གཟའ་འཁོར་གསར་འགྱུར་དུས་དེབ་ཀྱིས་རང་ཐད་དུ་ཡུཀ་རེན་གྱི་ནང་སྲིད་བློན་ཆེན་གྱི་སློབ་སྟོན་པས་བཀྲམ་པའི་བརྙན་ཐུང་དེ་ངོ་མ་ཡིན་མིན་དབྱེ་ཞིབ་མ་ཐུབ། ད་ལྟའི་གནས་སྟངས་འོག་ཏུ་གསར་འགོད་པས་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་ལ་འབྲེལ་བ་བྱས་ནས་གནས་ཚུལ་དེ་བདེན་པ་ཡིན་མིན་ཡང་ངེས་གཏན་བྱ་ཐབས་བྲལ་ཞེས་གསར་འགྱུར་སྤེལ། བདུན་ཕྲག་འདིར་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་མི་ཚོས་ཡུཀ་རེན་ལ་མགོ་སྒུར་ནས་རང་སྲོག་སྐྱོབ་ཐབས་བྱས་ན་ལེགས་ཞེས་ནན་སྐུལ་བྱས་འདུག

ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གི་ངོ་དེབ་དྲྭ་ཚིགས་སུ་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པས་དམག་མི་གསར་པ་ཚོར་དགོས་ངེས་ཀྱི་སྦྱོང་བརྡར་མ་སྤྲད་པར་དམག་སར་གཏོང་གི་ཡོད་པ་རེད། ཨུ་རུ་སུས་གསར་དུ་བསྡུས་པའི་ཁ སྣོན་དམག་དཔུང་དང་བཙོན་པ་ཉེས་ཅན་ཚོ་དམག་ཁོངས་བསྡུས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་གཏོང་གི་འདུག་ཅེས་བསྟན། གཟའ་མིག་དམར་ཉིན་བཀྲམ་པའི་བརྙན་ཐུང་དེའི་ནང་དུ་ཡུཀ་རེན་ལ་མགོ་སྒུར་པའི་ཨུ་རུ་སུའི་དམག་མི་དེས་ང་ཚོ་མདུན་སར་དམག་སྦྱོང་ལ་གཏོང་གི་ཡིན། འཐབ་འཁོར་སྡེ་ཤོག་དང་པོའི་དམག་མི་ཚང་མས་ཡག་པོ་བྱས་ནས་ཉོན། ཁྱོད་ཚོ་ཕྱི་ཟླ་༩་པའི་ཚེས་༢༩་ཉིན་ཁར་སན་ལ་འགྲོ་དགོས། སོ་སོས་བསམ་བློ་བཏང་ནས་ཐག་ཆོད། དམིགས་འབེན་ལ་མེ་མདའ་འཕངས་ནས་སྦྱོང་བརྡར་དང་འཐབ་འཁྲུག་གི་གཞུང་ལུགས་སོགས་སློབ་སྦྱོང་སྤྲོད་པའི་དུས་ཚོད་མི་འདུག་ཟེར་བྱུང་ཞེས་འགྲེལ་བཤད་བརྒྱབ། སྔ་ཉིན་དེར་ཨུ་རུ་སུའི་མཱི་ཌི་ཡ་ཛོ་ན་གསར་ཁང་གིས་ཨུ་རུ་སུའི་ནུབ་ཕྱོགས་ཀྱི་ལི་པེ་ཛིཀ་ས་གནས་ནས་དམག་ཁོངས་སུ་བསྡུས་པའི་སྐྱེས་པ་ཞིག་གི་ཆུང་མར་སྐད་ཆ་དྲིས། ཆུང་མ་དེས་ངའི་ཁྱོ་གར་ཉི་མ་གཅིག་གི་དམག་སྦྱོང་སྤྲད་པའི་རྗེས་སུ་ཌོན་བྷ་སི་མངའ་ཁུལ་དུ་ཁྲིད་སོང་ཞེས་བཤད་འདུག འདས་པའི་ཉིན་ཤས་གོང་ནས་ཡུཀ་རེན་གྱི་བྱང་ཤར་ཕྱོགས་སུ་ཆགས་པའི་ལི་མན་གྲོང་རྡལ་དུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་མི་རྣམས་ཡུཀ་རེན་གྱི་དམག་གིས་མཐའ་བསྐོར། ཡུཀ་རེན་གྱི་དམག་གིས་སི་ཝར་སི་ཀི་ཌོ་ནེ་ཛི་གཙང་པོ་བརྒལ་ནས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གྲོང་རྡལ་ཁག་ལ་དཔུང་འཇུག་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༩་པའི་མགོ་སྟོད་ནས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ས་ཆ་དབྱིན་ལེ་གྲུ་བཞི་མ་༣༠༠༠་ལྷག་ཕྱིར་ལེན་བྱས་ཏེ་ཨུ་རུ་སུའི་དམག་དཔུང་གི་སྐྱེལ་འདྲེན་རྣམས་བཀག་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ལྷག་པའི་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་ནས་ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་བྱང་ཤར་ཁུལ་དུ་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག ཁོ་ཚོས་ཨོ་སི་ཀིལ་དང་སི་ཝར་སི་ཀི་ཌོ་ནེ་ཛི་གཙང་པོ་གཉིས་བརྒལ་ནས་ས་ཆ་བརྟན་པོར་བཟུང་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན། ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་དམག་དོན་ཉམས་ཞིབ་པ་མར་ཊིན་གྱིས་ལི་མན་གྲོང་གི་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་རྒྱ་རྙི་ནང་དུ་ཚུད་སྲིད། ཡུཀ་རེན་གྱི་དམག་གིས་བྱང་ཕྱོགས་དང་ཤར་ཕྱོགས་གཉིས་ཀ་ནས་དཔུང་འཇུག་བྱས་ཏེ་མེ་འཁོར་ལྕགས་ལམ་གྱི་སྐྱེལ་འདྲེན་རྣམས་འགོག་གི་འདུག དེ་ནས་ཨུ་རུ་སུའི་དམག་དཔུང་རྣམས་མཐའ་བསྐོར་ནས་ཐར་ས་མེད་པར་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༩་པའི་ཚེས་༢༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་དམིགས་བསལ་གྱི་དམག་དོན་ལས་འགུལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མ་མཐར་ཡང་ཌོན་བྷ་སི་མངའ་ཁུལ་གྱི་ས་ཆ་ཚང་མ་བཙན་བཟུང་མ་བྱས་བར་དུ་འཐབ་འཁྲུག་མཚམས་འཇོག་བྱ་རྒྱུ་མིན་ཟེར། བདུན་ཕྲག་སྔོན་མར་ཕུ་ཊིན་གྱིས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཐུག་ན་ང་ཚོར་ཅི་ཞིག་ཡོད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་ཡིན། འདི་ནི་ངར་སྐད་བསྒྲགས་པ་ཞིག་མིན་ཞེས་རྡུལ་ཕྲན་མཚོན་ཆས་འཇིགས་སྣང་བསྐུལ། དེར་བརྟེན་ཕུ་ཊིན་གྱིས་དམག་འཁྲུག་གི་ཛ་དྲག་ཆེ་རུ་བཏང་ཡོད་པ་དང་ཨ་མི་རི་ཀས་ལྐོག་ཏུ་ཟླ་བ་མང་པོར་ཨུ་རུ་སུར་རྡུལ་ཕྲན་མཚོན་ཆས་སྡིགས་ར་བསྐུལ་ན་དགེ་མཚན་མེད། གལ་སྲིད་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ན་དེ་ལ་མཇུག་འབྲས་ཚབས་ཆེན་ཞིག་སྨིན་རྒྱུའི་ཉེན་བརྡ་བཏང་འདུག

ཕུ་ཊིན་གྱིས་རྡུལ་ཕྲན་མཆོན་ཆ་འཕེན་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པའི་རྗེས་སུ་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་མིན་རྟོག་ཞིབ་བྱ་རྒྱུ་ཞིབ་ཇེ་ཚགས་དང་གཏིང་ཇེ་ཟབ་ཏུ་བཏང་ཞིང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་འགའ་ཞིག་གིས་ཕུ་ཊིན་གྱི་ཐག་གཅོད་བྱེད་སྟངས་ཐབས་མཁས་ཤིག་མ་རེད། རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕངས་ཀྱང་དེའི་ཉེན་ཁ་ནི་དམིགས་སུ་མེད་པ་ཞིག་རེད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ཕུ་ཊིན་གྱིས་དུས་ནམ་ཞིག་དང་རྡུལ་ཕྲན་མཚོན་ཆ་འཕེན་དགོས་པའི་བཀའ་གཏོང་རྒྱུ་ཡིན་མིན་ནི་ཚོད་དཔག་བྱེད་བཀའ། ཕུ་ཊིན་གྱི་བསམ་བློ་གཏོང་ཕྱོགས་དེ་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། ད་སྔ་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་རྟགས་མཚན་དང་སྤྱི་ཡོངས་འཐབ་ཇུས་ལ་འགྱུར་བ་འགྲོ་བཞིན་པའི་རྣམ་པ་ཅི་ཡང་མི་འདུག་ཅེས་བཤད། ཟླ་བ་འདིའི་མགོ་སྟོད་དུ་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གི་སྐར་མ་བཅུ་ཐམ་པའི་ལས་རིམ་ནང་དུ་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ལན་པ་ཇི་ལྟར་སློག་རྒྱུ་ཡིན་མིན་དེ་ཕུ་ཊིན་གྱིས་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་རྒྱུ་ཡིན་མིན་ལ་རག་ལས་པ་རེད་ཅེས་ལན་འདེབས་བྱས་ཤིང་། ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཕུ་ཊིན་གྱིས་གཡོ་ཁྲམ་འོས་བསྡུ་ཞིག་བྱས་ནས་ཡུཀ་རེན་ཤར་ཕྱོགས་ཀྱི་ས་གནས་ཁག་ཨུ་རུ་སུའི་མངའ་འོག་ཏུ་བསྡུས། ཁོ་པས་ས་གནས་དེ་དག་སྲུང་སྐྱོབ་བྱེད་པར་མཐའ་ལྷུང་གི་སྲིད་ཇུས་ཤིག་བཟུང་སྟེ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད་ཅེས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར།།

གཟའ་ཕུར་བུའི་ཉིན་སི་བྷེ་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱི་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱས་པའི་རྗེས་སུ་ཨུ་རུ་སུའི་སྐྱེས་པ་ཁྲི་ཚོ་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས། དཔེར་ན་ཕྱི་ཟླ་༩་པའི་ཚེས་༢༡་གི་སྔོན་དེར་མོ་སི་ཀོ་ནས་དྷུ་བྷེ་བར་དུ་ཕར་ལམ་གཅིག་པུར་གནམ་གྲུའི་ལམ་གྲོན་ཨ་སྒོར་༣༥༠་ལས་སྤྲོད་མི་དགོས་མོད། ད་ལྟ་མོ་སི་ཀོ་ནས་དྷུ་བྷེ་བར་དུ་ཕར་ལམ་གཅིག་པུར་གནམ་གྲུའི་ལམ་གྲོན་ཨ་སྒོར་༥༠༠༠་སྤྲད་ཀྱང་འཛིན་བྱང་རག་གི་མེད་པའི་གནས་ཚུལ་ཐོན། ཨ་རབ་ཚོ་ཤོག་མནའ་འབྲེལ་རྒྱལ་ཁབ་ཏུ་གནས་འཁོད་ཨུ་རུ་སུའི་སྐྱེས་པ་ཞིག་གིས་མི་ཚང་མ་འབྲོ་ཐབས་བྱེད་ཀྱི་ཡོད་པ་དང་ངས་ངོ་ཤེས་པ་ཧ་ཅང་མང་པོ་ཞིག་འབྲོ་ཐབས་བྱེད་ཀྱི་འདུག་ཅེས་བཤད། ཨུ་རུ་སུའི་འབྱོར་ལྡན་པ་ཚོས་ཨ་སྒོར་༢༧༠༠༠་ལྷག་སྤྲད་ནས་སྒེར་གྱི་གནམ་གྲུ་གླས་ཏེ་ཏུར་ཀི་དང་ཨར་མཱི་ནི་ཡ། ཨ་ཛར་བྷ་ཇན་སོགས་ལ་བྲོས། ད་ལྟ་ཨ་སྒོར་༣༠༠༠༠་སྤྲད་ཀྱང་སྒེར་གྱི་གནམ་གྲུའི་ནང་དུ་རྐུབ་བཀྱག་རག་གི་མེད་པར་མ་ཟད། འགྲུལ་པ་བརྒྱད་ཤོང་བའི་སྒེར་གྱི་གནམ་གྲུ་ཞིག་གིས་ཕར་ལམ་གཅིག་པུར་ལམ་གྲོན་ཨ་སྒོར་༡༥༡༠༠༠་དགོས་ཞེས་རིན་གོང་སྤར། གཟའ་འཁོར་གཅིག་གི་ནང་དུ་ཨུ་རུ་སུའི་སྐྱེས་པ་དམག་ཁོངས་སུ་ཞུགས་དགོས་པའི་ལོ་ཚད་ལོན་པ་འབུམ་༢་ལྷག་ཁྱིམ་མཚེས་རྒྱལ་ཁབ་འཇོར་ཇཱི་ཡ་དང་ཁ་ཛཀ་སི་ཐན་དུ་བསླེབས། དེ་བཞིན་སོག་ཡུལ་དང་ཨུ་ཛི་བྷེ་ཀི་སི་ཐན། སར་བྷི་ཡ་དང་ཧྥི་ལན་ཌི། ནོར་ཝེ་སོགས་ཨུ་རུ་སུ་ནས་གང་དུ་ཐར་ན་རྒྱལ་ཁབ་དེར་བྲོས་བྱོལ་དུ་སོང་། ཨུ་རུ་སུའི་སྐྱེས་པ་ཞིག་གིས་ཆུང་མ་དང་ཕྲུ་གུ་བཞི་ཁྲིད་ནས་འཇོར་ཇཱི་ཡའི་ས་ཐོག་ཏུ་འབྱོར། ཁོ་པས་གསར་འགོད་པར་ངའི་བུ་རྒན་པ་ལོ་༡༧་ཡིན། ལོ་རྗེས་མར་ལོ་༡༨་ལ་སོན་ཏེ་དམག་ཁོངས་སུ་བསྡུ་ཤས་ཆེ། ཡུཀ་རེན་གྱི་དམག་འཁྲུག་ནི་མགྱོགས་མྱུར་མཚམས་འཇོག་བྱེད་ཐུབ་རྒྱུའི་རྟགས་མཚན་མི་འདུག ངས་རང་གི་བུ་གསོ་སྐྱོང་བྱས་པ་ནི་ཕུ་ཊིན་ལ་དམག་སར་གཏོང་རྒྱུའི་ཆེད་དུ་གསོ་སྐྱོང་བྱས་པ་མིན་ཞེས་ཨུ་རུ་སུ་ནས་འཇོར་ཇཱི་ཡར་བྲོས་ཡོང་དགོས་པའི་རྒྱུ་མཚན་རྣམས་གསལ་བཀྲོལ་བྱས་འདུག

XS
SM
MD
LG