ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༡༡/༢༧

གནམ་གཤིས་འགྱུར་ལྡོག་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་སྤྱི་ཚོགས་ལ་གནོད་སྐྱོན།  


༄༅།། གཟའ་འཁོར་སྔོན་མར་རྒྱལ་སྤྱིའི་རི་ཁུལ་འཛུགས་སྐྲུན་ལྟེ་གནས་ཁང་དང་རྒྱལ་ཚོགས་ཀྱི་བུད་མེད་ལྷན་ཚོགས། རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་བཅས་ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོར་པ་ལྟར་ན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་རྒྱ་དཀར་ནག་གཉིས་དང་ཨབ་གྷ་ཎི་སི་ཐན། བངྒ་ལ་དང་འབྲུག་ཡུལ། པ་ཀི་སི་ཐན་དང་བལ་ཡུལ། འབར་མ་དང་མལ་དིབ། སིངྒ་ལ། ལྷག་པར་དུ་ཧི་མ་ལ་ཡའི་ལྗོངས་ཀྱི་ཉེ་འཁོར་གྱི་ཆགས་པའི་ཡུལ་གྲུ་ཁག་གི་ཞིང་ལས་དང་ཆུའི་ཐོན་ཁུངས། རང་བྱུང་ནུས་པའི་འབྱུང་ཁུངས་བཅས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རྣམས་གསལ་སྟོན་བྱས་འདུག བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་རྒྱལ་ཚོགས་ཀྱི་སྙན་ཐོ་དེར་གནམ་གཤིས་འགྱུར་ལྡོག་དབང་གིས་ཧི་མ་ལ་ཡའི་ལྗོངས་ལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་བཅུར་འབྲུ་རིགས་ཐོན་སྐྱེད་ཇེ་དཀོན་དང་དབུལ་ཕོངས་ཀྱི་དཀའ་སྡུག སྤྱི་ཚོགས་འདྲ་མཉམ་དང་ཕོ་མོ་ཆ་མཉམ་མེད་པའི་དཀའ་ངལ་མང་དུ་འགྲོ་བཞིན་པ་རྣམས་བཀོད་འདུག་ཅེས་གནས་ཚུལ་སྤེལ། གནམ་གཤིས་འགྱུར་ལྡོག་དང་ཞིང་ལས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཤོ་བྷ་པུ་ཌེལ་གྱིས་གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་དེ་ཉིད་ཀུན་གྱིས་མྱོང་། ཡིན་ནའང་གཤམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཐུབ་པའི་ནུས་པ་ཡོད་མེད་ཀྱིས་རྒྱལ་ཁབ་དེ་དག་གི་བུད་མེད་ཚོར་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད་ཀྱི་འདུག་ཅེས་བསྟན།།

འཛམ་གླིང་ཁྱོན་ཡོངས་སུ་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་གོད་ཆག་བརྒྱ་ཆ་༤༠་ལྷག་ལྷོ་ཨེ་ཤི་ཡར་འགྱུར་གི་ཡོད་ཅིང་། སྙན་ཐོ་དེར་བུད་མེད་ཚོས་སྐྱེས་པ་ལྟར་ཐོན་སྐྱེད་ཀྱི་འབྱུང་ཁུངས་ལ་སྟངས་འཛིན་དང་འགྲིམ་འགྲུལ་བྱེད་མི་ཐུབ་པ། བུད་མེད་ལ་ལས་དོན་ཐག་གཅོད་བྱེད་ཆོག་པའི་དབང་ཚད་མེད་པ་སོགས་ཀྱིས་ཕོ་མོ་འདྲ་མཉམ་མེད་པ་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིར་འགྱུར་བ་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་འདུག དཔེར་ན་ཞིང་ལས་ཐོག་ཏུ་བུད་མེད་ཀྱི་དཀའ་ངལ་རྣམས་སྣང་མེད་གཏོང་གི་ཡོད་པ་དང་ཞིང་ལས་པ་བརྒྱ་ཆ་༩༧་བུད་མེད་རེད། བུད་མེད་ཚོར་སྲིད་ཇུས་འདི་འདྲ་ཞིག་གཏན་འབེབས་བྱ་དགོས། ས་གནས་ཀྱི་འགྲོ་གྲོན་རྣམས་དམིགས་སྒོ་འདི་འདྲ་ཞིག་ལ་གཏོང་དགོས། སྲིད་ཇུས་འདི་ཕྱུག་པོ་ཚོར་ཕན་ཐོགས་ཡོད་པ་ལས་བུད་མེད་ལ་དགེ་མཚན་མི་འདུག་ཅེས་བསམ་འཆར་བཤད་པའམ། ས་གནས་ཀྱི་ལས་དོན་ཐག་གཅོད་བྱེད་ཐུབ་པའི་དབང་ཚད་མི་འདུག སྐྱེས་པ་རྣམས་ཕྱི་ལ་ངལ་རྩོལ་རྒྱུག་ཏུ་འགྲོ་བཞིན་ཡོད་པས་ཤུལ་དུ་ཞིང་ལས་ཚང་མ་བུད་མེད་ཚོས་སྒྲུབ་དགོས་ཀྱི་འདུག ཐན་པ་དང་ཆུ་ལོག་སོགས་ཀྱི་གནོད་སྐྱོན་ཕོག་སྟེ་ཞིང་ལས་ཀྱི་ཐོན་སྐྱེད་མེད་པར་གྱུར་ན་དེའི་ཤུགས་རྐྱེན་མྱོང་མཁན་དང་པོ་ནི་བུད་མེད་ཚོ་རེད། གོང་གི་རྒྱལ་ཁབ་དེ་དག་གིས་ཕོ་མོ་འདྲ་མཉམ་དང་སྤྱི་ཚོགས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་བྱས་ཀྱང་ལག་ལེན་གྱི་སྐབས་སུ་སྤྱི་ཚོགས་འདྲ་མཉམ་དང་ཕོ་མོ་འདྲ་མཉམ་ཞིག་གཏན་ནས་ཡོང་ཐུབ་ཀྱི་མི་འདུག སྲིད་ཇུས་དང་ཁྲིམས་ཀྱི་ནང་དུ་བུད་མེད་ཀྱི་དཀའ་ངལ་སེལ་བར་དམིགས་བསལ་ཀྱི་དོན་ཚན་ཁག་ལོགས་སུ་དབྱེ་ནས་གསལ་སྟོན་བྱས་ཡོད་པ་གཅིག་ཀྱང་མི་འདུག ལྷོ་ཨེ་ཤི་ཡར་ཕོ་དབང་རིང་ལུགས་ཀྱི་སྲོལ་རྒྱུན་ཞིག་དར་ཡོད་པར་འགྱུར་བ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༣་ཉིན་ཨ་རིའི་ཡེལ་སློབ་གྲྭ་ཆེན་མོའི་ཁོར་ཡུག་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་པ་ཀི་སི་ཐན་གྱི་མཐའ་མཚམས་སུ་ཆགས་པའི་གྷིལ་གྷི་ཏ་བྷོལ་ཊི་སི་ཐན་ལ་ཚ་གདུག་ཕྱུར་ནས་འཁྱག་རོམ་རྣམས་ཞུ་སྟེ་མཚོ་ཞིག་འཁྱིལ། ཕྱི་ཟླ་༥་པའི་ཚེས་༧་ཉིན་འཁྱག་རོམ་གྱི་ཆུ་མཛོད་བརྡོལ་ནས་ཆུ་ལོག་བརྒྱུགས་ཏེ་སྨད་ཕྱོགས་ཀྱི་ས་ཞིང་དང་མི་མང་གི་ཁང་པ། གློག་ཁང་གཉིས་དང་རྒྱ་ལམ། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་མཐུད་མཚམས་སུ་ཟམ་པ་ཞིག་བཅས་འདམ་རྙོག་གིས་བསྣུབས། པ་ཀི་སི་ཐན་གྱི་གནམ་གཤིས་འགྱུར་ལྡོག་བློན་ཆེན་ཤེ་རི་རྷེ་མན་གྱིས་རྒྱལ་ཁབ་དེའི་མངའ་ཁོངས་སུ་གཏོགས་པའི་གངས་རི་དང་འཁྱག་རོམ་རྣམས་ཞུ་ན་ཆག་སྒོ་ཅི་ཙམ་འབྱུང་གི་ཡོད་མེད་བརྙན་ཐུང་ཞིག་ཊོས་ཊར་དྲྭ་ལམ་དུ་བཀྲམ། ཁོང་གིས་དེའི་འོག་ཏུ་འཁྱག་རོམ་འདི་རྣམས་ཅིའི་ཕྱིར་མགྱོགས་མྱུར་གྱིས་ཞུ་ཡི་ཡོད་པ་རེད། དེ་ནི་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཕྱིན་པའི་སྟབས་ཀྱིས་རེད་ཅེས་མཆན་ཞིག་བྲིས་ནས་རང་གིས་རང་ལ་ལན་བཏབ། ལོ་བཅུ་ཕྲག་གཅིག་གི་གོང་དུ་དབུས་ཨེ་ཤི་ཡ་དང་ལྷོ་ཨེ་ཤི་ཡ་ནས་ཤར་ཕྱོགས་ཀྱི་འབར་མའི་ས་མཚམས་བར་དུ་གངས་རི་དང་འཁྱག་རོམ་གྱིས་བསྡམས། དེང་སྐབས་ཚན་རིག་པ་ཚོས་ཨེ་ཤི་ཡའི་གངས་རི་དང་འཁྱག་རོམ་ཕལ་མོ་ཆེ་ཐོ་འགོད་བྱས་ནས་འཁྱག་རོམ་གྱི་མཐུག་ཚད། འདས་པའི་ལོ་༢༠་ཡས་མས་ཤིག་རིང་འཁྱག་རོམ་དེ་དག་ལ་འགྱུར་བ་ཅི་ཞིག་ཐེབས་ཡོད་མེད། ལོ་རེར་འཁྱག་རོམ་ཅི་ཙམ་ཞུ་ཡོད་མེད་རྣམས་ཆ་ཚང་ཞིག་ཤེས་ཀྱི་ཡོད། ང་ཚོའི་ཞིབ་འཇུག་གི་གཞི་གྲངས་རྣམས་སྲིད་ཇུས་གཏན་འབེབས་པ་ཚོར་མཁོ་སྤྲོད་བྱེད་ཀྱི་ཡོད་ཅེས་སི་ཀོ་ཊི་ལན་ཌིའི་སན་ཊི་ཨན་ཌི་རིའུ་སློབ་གྲྭ་ཆེན་མོའི་འཁྱག་རོམ་རིག་པའི་མཁས་པ་ཊོ་བྷི་ཡ་སི་བྷོལ་ཆིས་བཤད་འདུག

ཨ་རིའི་ཡེལ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྙན་ཐོ་དེར་ཆུ་མགོ་བོད་ལ་ཐུག་པའི་སེངྒེ་ཁ་འབབ་དང་རྟ་མཆོག་ཁ་འབབ། ཡར་ཀླུང་གཙང་པོ་རྣམས་རྒྱ་གར་དང་པ་ཀི་སི་ཐན། བངྒ་ལ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་༡༠་ལྷག་གི་འཚོ་རྟེན་དུ་གྱུར། བོད་ཀྱི་ཆུ་བོ་དེ་དག་བྲུག་པ་དང་སྐམ་པ་སོགས་ཅི་ཞིག་བྱུང་རུང་ཆུའི་སྨད་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མང་ཚོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་གསལ་པོ་རེད། ཆུ་བོ་དེ་དག་གི་ཆུ་རྒྱུན་རྣམས་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་ལ་བརྟེན། དབྱར་དུས་གངས་རི་དང་འཁྱག་རོམ་ཞུ་ནས་མི་མང་དུང་ཕྱུར་མང་པོར་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་ཕན་ཐོགས་ཆེ་ཡང་གངས་རི་དང་འཁྱག་རོམ་ཞུ་དྲགས་ན་ཆུ་ལོག་གི་གནོད་འཚེ་འབྱུང་གི་ཡོད་པ་རེད། ༢༠༢༢་ལོར་པ་ཀི་སི་ཐན་གྱི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཆུ་ལོག་བརྒྱུགས་པ་ནི་སའི་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས། ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་བའི་རྐྱེན་གྱི་རེད་ཅེས་གསར་འགྱུར་ཐོན། རྒྱལ་སྤྱིའི་རི་ཁུལ་འཛུགས་སྐྲུན་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨ་དབྱི་ཤ་ཁན་གྱིས་བཤད་པ་ལྟར་ན། གྷིལ་གྷི་ཏ་བྷོལ་ཊི་སི་ཐན་གྱི་ཞིང་པ་ཚོར་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་འདུག ཁ་བ་དང་ཆར་པ་འབབ་པའི་དུས་ཚིགས་ལ་ངེས་གཏན་མེད་པར་ཞིང་ཆུ་འདྲེན་གཏོང་ཆད། གྲོང་གསེབ་ཁག་གི་སྐྱེས་པ་རྣམས་ཕྱི་ལ་ངལ་རྩོལ་རྒྱུག་ཏུ་སོང་སྟེ་ཞིང་ལས་གཉེར་རྒྱུ་མཚམས་བཞག གྲོང་གསེབ་ཁག་ཅིག་ལ་ཆུ་མང་དྲགས་ཏེ་ཆུ་འགྲམ་གྱི་ས་ཞིང་རྣམས་བསྣུབས་ནས་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་འདུག ང་ལོ་བཅུ་ཐམ་པར་བྷོལ་ཊི་སི་ཐན་ལ་ཞིབ་འཇུག་བྱེད་དུ་ཕྱིན་པ་ཡིན། ས་གནས་དེའི་མི་དམངས་ལ་ཆུ་རགས་བརྩིགས་པ་དང་ས་བཅུད་ཉམས་པ་སླར་གསོ་བྱེད་པའི་འགྲོ་གྲོན་མི་འདུག་ཅེས་འགྲེལ་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

༢༠༢༠་ལོར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། ༢༡༠༠་ཐམ་པའི་མཚམས་སུ་ཧི་མ་ལ་ཡའི་ཤར་ཕྱོགས་སུ་ཆགས་པའི་བལ་ཡུལ་དང་འབྲུག་ཡུལ་གྱི་གངས་རི་དང་འཁྱག་རོམ་བརྒྱ་ཆ་༦༠་ཡས་མས་ཤིག་ཞུ་རྒྱུ་ཡིན་མོད། འོན་ཀྱང་ཧི་མ་ལ་ཡའི་ནུབ་ཕྱོགས་སུ་པ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཆགས་པའི་ཀ་ར་ཀོ་རོམ་དང་ཧིན་རྡུ་ཀུ་ཤི་མངའ་ཁུལ་གྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་ཚད་དལ་བུ་འབྱུང་ས་རེད། དེ་ནི་ཧི་མ་ལ་ཡའི་ཤར་ནུབ་གཉིས་ལ་གནམ་གཤིས་དྲོད་གྲང་གི་ཁྱད་པར་ཡོད་པས་ཡིན་སྲིད་ཅེས་བལ་ཡུལ་གྱི་རི་ཁུལ་འཛུགས་སྐྲུན་ཁང་གི་ལས་སྣེ་ཤེར་མྷོ་མེ་ཐེས་གསལ་སྟོན་བྱས་འདུག ཧི་མ་ལ་ཡའི་ཤར་ཕྱོགས་སུ་ཨེ་ཤི་ཡའི་ཆར་ཞོད་དུས་སུ་ཆར་པ་མང་བ་འབབ། ཧི་མ་ལ་ཡའི་ནུབ་ཕྱོགས་སུ་རླུང་འཚུབ་འཁྲིགས་ཞེས་ཁ་བ་མང་བ་བབས་ཏེ་འཁྱག་རོམ་མཐུག་པོ་ཆགས། འོན་ཀྱང་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་ཧི་མ་ལ་ཡའི་ཤར་ནུབ་གཉིས་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དངོས་སུ་ར་འཕྲོད། ༢༠༡༠་ནས་ཧི་མ་ལ་ཡའི་ནུབ་ཕྱོགས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཀྱང་ཞུ་འགོ་ཚུགས། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་གར་དང་བལ་ཡུལ་སོགས་ཀྱི་རྒྱ་ཐང་གི་བཟོ་གྲྭ་དང་རླངས་འཁོར་གྱི་དུ་བ་ནག་པོ་རྣམས་གནམ་ལ་འཕྱུར། མཁའ་རླུང་འབག་བཙོག་བྱུང་བའི་དུད་དྲེག་རྣམས་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་སྟེང་དུ་ཆགས་ཏེ་གངས་རི་དང་འཁྱག་རོམ་རྣམས་ཞུ་རྒྱུ་ཇེ་མགྱོགས་སུ་གཏོང་གི་ཡོད་པའི་ཚོད་དཔག་བྱས་འདུག ཉམས་ཞིབ་པ་ཁག་ཅིག་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་ཁག་ཅིག་བྲག་རི་དང་ས་རྡོའི་འོག་ཏུ་མནན། དེ་ལ་ཐད་པར་ཉི་འོད་མ་ཕོག་པར་འཕྲལ་དུ་ཞུ་ཐུབ་རྒྱུ་མིན་པའི་ལྟ་ཚུལ་གླེང་། རྒྱ་གར་གྱི་འཕྲུལ་རིག་ཞིབ་འཇུག་ཁང་གི་འཁྱག་རོམ་རིག་པའི་ཉམས་ཞིབ་ཧྥ་རུཀ་ཨ་ཛམ་གྱིས་ལྟ་ཚུལ་དེ་འཐད་ལྡན་ཞིག་མ་རེད་ཅེས་དགག་པ་བརྒྱབ་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG