ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ནང་ལ་ནད་ཡམས་ཀྱི་གནས་ཚུལ་བསྒྲཊ་མི་ཆོག་པའི་དམ་དྲག


༄༅།། རྒྱ་ནག་གི་དཔལ་འབྱོར་དང་དངུལ་རྩའི་གྲོང་ཁྱེར་ཧྲང་ཧེ་གཅོས་ས་གནས་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཛ་དྲག་བྱུང་ནས་སྒོ་རྒྱ་བསྡམས་ཡོད་པ་ལྟར་མཚོ་སྔོན་ཞིང་ཆེན་ཁོངས་སུའང་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཕྱི་ཟླ་༤་པའི་ཚེས་༡༤་ནས་འགྲོ་འོང་བཀག་སྡོམ་བྱས་ཏེ་ཉིན་༦་འགྲོ་བཞིན་ཡོད་ཅིང་། མི་སྒེར་པ་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་དུ་ནད་ཡམས་སྐོར་གྱི་གནས་ཚུལ་སྤེལ་འདུག་ཅེས་མཚོ་སྔོན་འབའ་རྫོང་གི་ས་གནས་ཡུལ་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གསར་འགྱུར་མཁོ་སྤྲོད་པས་ཉེ་ཆར་ཕྱི་ཚེས་༡༨་ནས་རྒྱ་ནག་གཞུང་གིས་ནད་ཡམས་སྐོར་གྱི་གནས་ཚུལ་གང་བྱུང་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཀའ་ཕབ་སོང་། གལ་སྲིད་གནས་ཚུལ་གང་བྱུང་ཁྱབ་སྤེལ་བྱེད་ན་ཁྲིམས་གཅོད་ནན་པོ་བྱ་རྒྱུའི་འཇིགས་སྐུལ་བྱེད་ཀྱི་འདུག མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་ཉིན་ལྟར་ནད་པ་གསར་པ་འཐོན་བཞིན་ཡོད་པར་མ་ཟད། ད་ལྟའི་བར་དུ་ཟིང་ལིང་གཅིག་པུར་ཕྱི་ཚེས་༡༧་བར་དུ་ནད་པ་༦༠་ལྷག་བརྒལ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག ནད་པ་དེ་དག་གི་གྲས་སུ་བོད་པ་ཡོད་མེད་ནི་གསལ་ཁ་མི་འདུག ང་ཚོའི་ས་གནས་སུ་བོད་པ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་གཅིག་ཀྱང་མི་འདུག་ཅེས་བཀྲལ།།

མགོ་ལོག་དར་ལག་རྫོང་གི་བོད་པ་ཞིག་གིས་ཕྱི་ཟླ་༤་པའི་ཚེས་༡༨་ནས་འགོ་ལོག་རྨ་སྟོད་དང་དར་ལག་སོགས་མགོ་ལོག་ཁུལ་གྱི རྫོང་ཁག་ཚང་མར་དངོས་སུ་ནད་འགོག་གི་སྒོ་རྒྱ་བསྡམས་སོང་། ད་སྔ་མགོ་ལོག་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་ཐོན་ཡོད་པ་གོ་རྒྱུ་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་ཤིང་། ཟིང་ལིང་གྲོང་ཁྱེར་གྱི་བོད་པ་ཞིག་གིས་ཐེངས་འདིར་མཚོ་སྔོན་ཕྱོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་དོན་ནི་དེང་སྐབས་ཁ་ཆེའི་སྨྱུང་གནས་ཟླ་བའི་དུས་ཚིགས་ཁེལ་ཡོད་པས་རྒྱ་ནག་ནང་ཁུལ་ནས་ཟིང་ལིང་ལ་ཕྱིར་ལོག་བྱེད་མཁན་ཚོ་བརྒྱུད་ནས་ནད་དུག་བགོ་ཡི་འདུག་ཅེས་བཤད་འདུག

མཚོ་སྔོན་ཞིང་ཆེན་གྱི་གཞུང་འབྲེལ་གསར་འགྱུར་དང་ཀྲུང་གོའི་བོད་ཀྱི་དྲྭ་བ་ཞེས་པར་གནས་ཚུལ་འཁོད་པ་ལྟར་ན། ཕྱི་ཟླ་༤་པའི་ཚེས་༡༡་ནས་༢༠་བར་དུ་ཟི་ལིང་གྲོང་ཁྱེར་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༢་ཐོན་འདུག དེ་བཞིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལ་ཚོད་དཔག་བྱས་ན་ནད་པ་ཁྲི་༣༢་ལྷག་བརྒལ་ཡོད་པའི་གནས་ཚུལ་བཀོད། འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་ཐོན་མེད་པའི་གནས་ཚུལ་སྤེལ་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG