ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གཞུང་གིས་རེབ་གོང་ཕྱོགས་ཀྱི་བོད་པའི་ས་ཞིང་བཙན་འཕྲོག


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཡོངས་སུ་ས་ཞིང་དང་རྩྭ་ས་རྣམས་གཞུང་བཞེས་བཏང་ནས་བཙན་འཕྲོག་བྱེད་ཀྱི་ཡོད་པའི་གནས་ཚུལ་མི་ཉུང་བ་ཞིག་འབྱུང་གི་ཡོད་པ་ལྟར་མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་ཧོར་རྒྱ་སྡེ་པའི་ས་ཞིང་ཁག་ཅིག་དེ་སྔ་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་ནས་མང་ཚོགས་ལ་འཚོ་རྟེན་མེད་པར་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། ས་གནས་མི་མང་གིས་རྒྱ་གཞུང་གི་སྲིད་ཇུས་དེར་འདོད་མོས་མེད་པའི་རྣམ་འགྱུར་བསྟན་ནས་བོད་པ་དགུ་༢༠༡༨་ལོའི་ཟླ་༩་པའི་ནང་དུ་འཛིན་བཟུང་གིས་ལོ་གསུམ་ནས་བདུན་བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། མི་གསུམ་ཉེ་ཆར་ཕྱི་ཟླ་དང་པོའི་ནང་དུ་གློད་གྲོལ་བཏང་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་རྒྱ་ནག་གཞུང་གིས་དེ་སྔ་འཛིན་བཟུང་བྱས་བའི་བོད་པ་འབྲུག་འབུམ་ཚེ་རིང་དང་མཁའ་བྱམས་རྒྱལ། ཤ་བོ་ཚེ་རིང་། དར་རྒྱས་དང་བསོད་ནམས་རྒྱལ། བཀྲ་ཤིས་ཚེ་རིང་དང་བན་དེ་རྡོ་རྗེ། ཆོས་བཟང་དང་དགེ་འདུན་བཟོད་པ་བཅས་ཀྱི་གྲས་ནས་བསོད་ནམས་རྒྱལ་དང་མི་གཞན་པ་གཉིས་ཕྱི་ཟླ་༡་པོའི་ནང་དུ་གློད་གྲོལ་བཏང་ཞིང་། ད་དུང་མི་ཁ་ཤས་ཕྱི་ཟླ་༦་པའི་ནང་དུ་གློད་གྲོལ་གཏོང་གི་རེད་ཟེར། འོན་ཀྱང་བསོད་ནམས་རྒྱལ་ལ་བཙོན་ཁང་དུ་ནད་མནར་བྱུང་སྟེ་སྐུ་གཟུགས་བདེ་ཐང་མེད་པ་དང་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་ཅེས་བཀག་འགོག ཁོང་སྔར་བཞིན་བཙོན་དུ་ཡོད་པ་ལྟར་མང་ཚོགས་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པའི་བཀག་སྡོམ་བྱེད་ཀྱི་འདུག དེས་ན་བཙོན་གྲོལ་ཐོབ་པའི་མི་དེ་ཚོའི་སྐུ་གཟུགས་བདེ་ཐང་ཡིན་མིན་ནི་ཤེས་རྟོགས་དཀའ་བ་ཞིག་རེད་ཅེས་བརྗོད་འདུག

བོད་ནང་གི་མི་གཞན་ཞིག་གིས་རྒྱ་གཞུང་ནས་མང་ཚོགས་ཀྱི་ས་ཆ་གཞུང་བཞེས་གཏོང་གི་ཡོད་པ་ནི་ཧོར་རྒྱ་སྡེ་པ་གཅིག་པུ་མ་རེད། རེབ་གོང་སྒོ་དམར་ཕྱོགས་ཀྱི་མི་གྲངས་༢༥༠༠་ལྷག་ལ་ས་ཞིང་གདབ་མི་ཆོག་ཅེས་བཀའ་བཏང་ནས་གཞུང་བཞེས་བཏང་འདུག མང་ཚོགས་ཀྱིས་ས་ཞིང་བཏབ་ན་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་གང་ལ་འགལ་གྱི་ཡོད་པ་རེད། ད་ལྟ་ལོ་ན་བདུན་བཅུ་བརྒལ་ཟིན་པ་རྣམས་ཚེ་ཕྱི་མར་ཐག་ཉེ་པོ་རེད། ད་ལྟའི་གཞོན་སྐྱེས་ཚོ་མི་རབས་ནས་མི་རབས་ལ་རང་གི་ས་ཆའི་ཐོག་ཏུ་འཚོ་གནས་བྱེད་དགོས། ང་བརྒྱད་ལོ་ནས་ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེར་ནོར་སྐྱོན་ཅི་ཡོད་གསལ་པོར་ཤེས་ཀྱི་ཡོད། ད་ལྟ་རོང་འབྲོག་མང་ཚོགས་ལ་རང་གི་སྡོད་ཁང་ཙམ་ལས་ས་ཆ་སྤར་མོ་གང་བེད་སྤྱོད་བྱེད་ཆོག་པའི་ཐོབ་དབང་མེད་པའི་སྡུག་བསྔལ་འདི་ཇི་ལྟར་སེལ་ཞེས་སྨྲེ་ངག་བཏོན།།

ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཧོར་རྒྱ་སྡེ་པའི་བོད་པ་དེ་དག་རེབ་གོང་རྫོང་དུ་ལོ་ཤས་གོང་དུ་ཧོར་རྒྱ་སྡེ་བ་དང་ཐག་ཉེར་གསར་དུ་འཛུགས་སྐྲུན་བྱས་པའི་བཙོན་ཁང་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་བཅུག་འདུག་ཟེར། བོད་པ་དེ་དག་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་སྐབས་སུ་འཛིན་བཟུང་བྱས་པ་རེད། རྒྱ་གཞུང་གིས་ཧོར་རྒྱ་སྡེ་པའི་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་ནས་སོ་ཕག་བཟོ་གྲྭ་གསུམ་འཛུགས་སྐྲུན་བྱས་ཀྱང་ཕྱི་ལོ་༢༠༡༡་ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ཏུ་བཟོ་གྲྭ་དེ་དག་སྒོ་བརྒྱབ། ཡིན་ནའང་རྒྱ་གཞུང་གིས་བཟོ་གྲྭའི་བདག་པོ་ཚོར་གུན་གསབ་འབོར་ཆེན་སྤྲད་ཀྱང་ས་ཆའི་བདག་པོ་མི་མང་ལ་ས་ཞིང་ཕྱིར་སློག་བྱས་མེད་པར་མ་ཟད། བོད་པ་དེ་ཚོས་ས་ཆའི་བདག་དབང་རྩོད་ལེན་བྱས་པར་སྤྱི་ཚོགས་གཏོར་བརླག་དང་དཔུང་སྒྲིག་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས་ནས་ཁྲིམས་ཐག་བཅད། བོད་པ་དེ་ཚོར་ས་གནས་མི་མང་གིས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG