ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གཞུང་གིས་བོད་པའི་ནང་ཁུལ་དུ་གསང་ཉུལ་འཛུགས་རྒྱུ་ཇེ་མང་།


༄༅།། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཕལ་མོ་ཆེར་གསང་ཉུལ་འཛུགས་རྒྱུ་མང་དུ་བཏང་ནས་བོད་པ་ཞིང་འབྲོག་མང་ཚོགས་ཀྱིས་བོད་ཕྱི་ནང་གི་ཆབ་སྲིད་ཀྱི་གནད་དོན་ཅི་ཞིག་གླེང་སློང་བྱེད་ཀྱི་ཡོད་མེད། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་གྱི་ཡོད་པའི་དུས་ཆེན་ལ་དགའ་བསུ་རྒྱུ་ཞུའི་རྣམ་འགྱུར་སྟོན་གྱི་ཡོད་མེད་སོགས་བོད་པ་མྱུལ་ཞིབ་བྱེད་མཁན་ཇེ་མང་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༢༡་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་ཆེན་རེད་ཅེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་རྫོང་ཁག་སོ་སོ་དང་དམིགས་བསལ་མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་སྡེ་ཁག་ལ་རྒྱ་གཞུང་གི་ལས་བྱེད་པ་བཏང་ནས་གྲོང་སྡེའི་ནང་དུ་ཏང་ལ་ཞུགས་མཁན་གྱི་དམར་ཤོག་ཚོགས་མི་བསྡུ་བའི་ཚོགས་འདུ་བསྐོངས། རྒྱ་ནག་གི་རྒྱལ་དར་མདུན་ལངས་ནས་ཏང་ལ་དགའ་ཞེན་དང་རྒྱབ་འགལ་མི་བྱེད་པའི་དམ་བཅའ་འཇོག་ཏུ་འཇུག་པ། ཏང་གི་རྗེས་སུ་འབྲངས་ནས་འཚོ་བ་དང་བསམ་བློའི་ཕུགས་ཇེ་བརྟན་དུ་སོང་ཡོད། མ་འོངས་པར་ཏང་གི་ཁྲིམས་སྒྲིག་ལ་ཁས་ལེན་དམ་བཅའ་ཡོད་ཚུལ་སྒྲོགས་རྒྱུ། དེ་ནས་ཏང་ཡོན་ཚོ་སྡེ་བ་ཕན་ཚུན་དུ་ཆེད་ཀྱིས་སྡེ་མི་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་དགོས་པ་དང་དགའ་ཞེན་བྱ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༢༣་ཉིན་རྒྱ་ནག་གཞུང་གི་ཀྲུང་གོའི་བོད་ཀྱི་དྲྭ་བ་ཞེས་བའི་སྟེང་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྐང་ཚ་རྫོང་དུ་ཏང་བཙུགས་ནས་ལོ་༡༠༠་འཁོར་བར་ལེགས་སྐྱེས་འབུལ་བ་ཞེས་བརྗོད་གཞིར་བཟུང་ནས་ཏང་གི་ལོ་རྒྱུས་མཉམ་རོལ་བྱེད་པ་དང་ཏང་གི་ལོ་རྒྱུས་ཁྲོམ་བཤད་བྱེད་པ། ཏང་གི་ལོ་རྒྱུས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་བྱེད་པ་ཟེར་བའི་ལས་འགུལ་སྤེལ། གཙོ་བོ་གུང་ཁྲན་ཏང་གཙིགས་སུ་འཛིན་པའི་འགན་འཁྲི་ཡིད་ལ་དམ་འཛིན་བྱེད་པའི་འགྱུར་མེད་དད་མོས་བདེན་དཔང་བྱས་ཡོད་ལུགས་བཅས་བཀོད། གཞན་ཡང་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བགོས་ཡོད་པའི་ས་གནས་ཤིག་གི་བོད་པ་ཞིག་གིས་དཔལ་ཡུལ་ཕྱོགས་སུ་ལོ་འདིར་གྲོང་སྡེ་ཁག་གི་མི་དམངས། ཐ་ན་དགོན་པ་སོ་སོའི་ནང་དུའང་ཁ་ཏ་བྱེད་དུ་འཇུག་གི་ཡོད་ཅིང་། དུས་རྒྱུན་མི་སྒེར་གྱི་བེད་སྤྱོད་གཏོང་བཞིན་པའི་དྲྭ་བའི་འཕྲིན་སྟེགས་སུ་གུང་ཁྲན་ཏང་ལ་མི་དགའ་བའི་རྣམ་འགྱུར་རམ། ཡང་ན་བསམ་བློའི་འདུ་ཤེས་ཡོད་མེད་སོགས་ལ་མྱུལ་ཞིབ་བྱེད་མཁན་གྱི་མི་སྣ་མང་དུ་བཏང་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་རེད་འདུག་ཅེས་བཤད།།

བོད་ཕྱི་ལོགས་ནས་གོ་ཐོས་བྱུང་བར་གཞིགས་ན་གསང་ཉུལ་དེ་དག་གི་རང་གི་གྲོང་མི་ངོ་ཤེས་དང་དྲྭ་གྲོགས་སོགས་ཀྱིས་བོད་ཕྱི་ལོགས་སུ་ཡོད་མཁན་ཚོར་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་སྐད་ཆ་བཤད་གི་ཡོད་མེད། ༧གོང་ས་མཆོག་ལ་སྐྱབས་རྟེན་དང་བསྔོན་རྟེན་དངུལ་དངོས་འབུལ་གྱི་ཡོད་མེད། སོ་སོའི་ས་གནས་སོགས་ཁ་བརྡ་བྱེད་གི་ཡོད་མེད་ཤེས་རྟོགས་བྱུང་བ་རྣམས་རྒྱ་གཞུང་ལ་སྙན་སེང་ཞུས་ན་དངུལ་བྱ་དགའ་སྤྲོད་པ། དེར་བརྟེན་ལོ་འདིར་ན་ནིང་ལས་ཀྱང་དམ་དྲག་ཆེ་རུ་སོང་ཡོད་པ་དང་གཟབ་ནན་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་འདུག་ཅེས་་བརྗོད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG