ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༢/༡༡

ནག་ཆུ་གཉན་རོང་རྫོང་གི་བོད་པ་༡༡༠་བཀག་ཉར་ཁང་དུ་བཙན་ཁྲིད།


༄༅།། ལོ་ལྟར་ཕྱི་ཟླ་༨་པའི་ནང་ཚུགས་སྲོལ་ཡོད་པའི་བྱང་ནག་ཆུ་གེ་སར་རྟ་རྒྱུག་དུས་ཆེན་ལ་ཕྱི་ཟླ་༧་ཚེས་༢༥་ནས་གྲ་སྒྲིག་བྱས་ཡོད་ཅིང་། གྲ་སྒྲིག་གི་པར་དང་བརྙན་སོགས་བརྒྱུད་སྐུར་བྱེད་མི་ཆོག་པའི་གསལ་བསྒྲགས་སྤེལ། ཕྱི་ཟླ་༨་ཚེས་༩་ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པ་༡༡་ནག་ཆུ་བྱང་ལམ་གྲོང ཚོར་ཡོང་སྟེ་མིང་ཐོ་ཞིག་བཀླགས། མིང་ཐོའི་ནང་དུ་ཡོད་པའི་གྲོང་ཚོ་དེའི་མི་༡༡༠་ཐམ་པ་ཉེན་རྟོག་པས་བཀག་ཉར་ཁང་དུ་ཁྲིད། ཁོ་ཚོའི་ཁ་པར་སྔོག་བཤེར་བྱས་ནས་པར་རིས་དང་བརྙན་ཐུང་སོགས་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་མི་༨༠་ཐམ་པར་རྒྱ་སྒོར་༥༠༠༠་རེའི་ཉེས་ཆད་བཅད་ནས་གློད་གྲོལ་བཏང་ཞིང་། མི་༣༠་ཐམ་པ་གློད་གྲོལ་བཏང་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ཕྱི་ཟླ་༧་ཚེས་༢༥་ནས་ནག་ཆུ་ས་ཁུལ་གྱི་བྱང་ཐང་དུ་རྟ་རྒྱུག་དུས་ཆེན་གྲ་སྒྲིག་བྱས་ཤིང་། སྐབས་དེར་ནག་ཆུའི་ས་གནས་མང་པོར་མི་མང་གི་ཁ་པར་ནང་དུ་པར་རིས་དང་བརྙན་ཐུང་སོགས་གཏན་ནས་བསྐུར་མི་ཆོག་ཅེས་བདུན་ཕྲག་གཅིག་གི་སྔོན་དུ་ས་གནས་གང་སར་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༨་པའི་ཚེས་༩་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ཡས་མས་སུ་ཉེན་རྟོག་པ་༡༡་བྱང་ལམ་གྲོང་ཚོར་ཡོང་སྟེ་ཚོགས་ཆེན་ཞིག་འཚོགས་དགོས། མི་ཚང་མ་འཛོམ་དགོས་ཞེས་མི་མང་གི་ཁ་པར་རྣམས་བསྡུས་ནས་ཤོག་སྒམ་ཞིག་གི་ནང་དུ་བླུགས། ཉེན་རྟོག་པས་དེབ་ཅིག་ཁ་ཕྱེས་ནས་མི་༡༡༠་ཐམ་པ་མིང་འབོད་བྱས་ནས་ཐམས་ཅད་ས་གནས་ཉེན་རྟོག་ལས་ཁུངས་སུ་འགྲོ་དགོས་ཞེས་བསྒྲགས། བོད་པ་༡༡༠་བཀག་ཉར་དང་འདྲི་རྩད། ཁོ་ཚོར་སྡིགས་ར་བསྐུལ་ནས་ཁ་པར་བསྔོགས། མི་དེ་དག་གིས་རྟ་རྒྱུག་སྐབས་སུ་ཐག་རིང་དུ་ཡོད་པའི་བཟའ་མི་ཚོར་པར་རིས་བརྒྱུད་སྐུར་བྱས་པའི་རྐྱེན་གྱིས་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་པ་ཡིན་འདུག མི་༨༠་ཐམ་པའི་པར་རིས་ནང་དུ་གཞུང་གི་ལས་བྱེད་པ་དང་ཉེན་རྟོག་པ། གཞུང་ལམ་སོགས་ཐེབས་ཡོད་པའི་ནག་ཉེས་བཙུགས་ནས་རྒྱ་སྒོར་༥༠༠༠་རེ་ཆད་པ་དང་བདུན་ཕྲག་གཅིག་ལ་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དུ་ཡོང་དགོས་པའི་ཉེས་ཁྲིམས་བཅད།

ཕྱི་ཚེས་༩་ཉིན་གྱི་ཕྱི་དྲོར་མི་དེ་དག་རང་ཁྱིམ་དུ་ཕྱིར་སློག་བྱས་ཀྱང་མི་༣༠་ཐམས་པ་མུ་མཐུད་དུ་བཀག་ཉར་བྱེད་ཡོད་པས་ཕ་མ་སྤུན་མཆེད་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག རྒྱ་ནག་གཞུང་གིས་བདུན་ཕྲག་གཉིས་ཀྱི་གོང་དུ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ནག་ཆུའི་རྟ་རྒྱུག་དུས་ཆེན་འཚོགས་མི་དགོས་པའི་བརྡ་ཁྱབ་བཏང་ཞིང་། དེས་ན་ད་ལོའི་རྟ་རྒྱུག་དེ་སྔོན་ལྟར་གྲ་རྒྱས་པོ་མ་བྱས་པར་སྟབས་བདེ་ཞིག་ཚོགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG