ངོ་འཕྲད་བདེ་བའི་དྲ་འབྲེལ།

མགོ་ལོག་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་།


༄༅།། ཉེ་ཆར་རྒྱ་གཞུང་གིས་སྒོ་བརྒྱབ་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་བཏགས་ནས་ཟླ་བ་འདིའི་ཕྱི་ཚེས་༡་ཉིན་འཛིན་བཟུང་བྱས་ནས་ཉིན་༡༠་ཡས་མས་ཤིག་འགྲོ་བཞིན་ཡོད་ཀྱང་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འདི་གའི་གསར་འགོད་པར་ས་གནས་དེའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག རྒྱ་གཞུང་གི་བཙན་བཀའ་ལྟར་ཕྱི་ཟླ་༧་པའི་ཚེས་༨་ཉིན་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་ཅིང་། སློབ་གྲྭ་དེར་ལོ་མང་རིང་དགེ་རྒན་བྱས་མྱོང་བའི་རིན་ཆེན་སྐྱིད་སློབ་གྲྭ་སྒོ་བརྒྱབ་རྗེས་སུ་སེམས་པ་མ་སྐྱིད་པར་སྔ་དགོང་གཉིས་སུ་བཟའ་བཏུང་ལ་མི་རོལ་པར་ཉིན་༡༠་ཙམ་འགྲོ་བཞིན་པའི་སྐབས་དེར་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཏེ་བཟའ་མི་ཉེ་འབྲེལ་ཚོས་སྨན་ཁང་དུ་བསྟེན་གཏུག་བྱེད་དགོས་པའི་རེ་བ་བཏོན། རིན་ཆེན་སྐྱིད་ཀྱིས་དེ་ལ་མོས་མཐུན་མ་བྱས་པར་མུ་མཐུད་དུ་ཟས་བཅད་ངོ་རྒོལ་ལྟ་བུ་ཞིག་བྱེད་བཞིན་པའི་སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ངོ་ལོག་གི་ཉེས་མིང་བཏགས་ནས་ཕྱི་ཟླ་བརྒྱད་པའི་ཚེས་༡་ཉིན་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་མཁོ་སྤྱོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན་། རིན་ཆེན་སྐྱིད་ནི་སྔོན་ཆད་སེང་འབྲུག་སྟག་རྩེ་སློབ་གྲྭའི་འཛིན་རིམ་གསུམ་པའི་བོད་ཡིག་དགེ་རྒན་ཡིན་ཞིང་། སློབ་གྲྭ་སྒོ་བརྒྱབ་ནས་བཟུང་སྟེ་བཟའ་བཏུང་ལ་མི་རོལ་པར་ལུས་ཟུངས་ཉམས། ཕ་མ་དང་སྤུན་མཆེད་སོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱས་ནས་སྨན་ཁང་ལ་འགྲོ་དགོས་པའི་རེ་སྐུལ་ཞུས་ཀྱང་སྨན་པར་མ་བསྟན། ཁོ་མོའི་སྤུན་མཆེད་ཅིག་གིས་སྨན་པ་ཁྱིམ་དུ་བོས་ཀྱང་ཕྱི་ཟླ་༨་པའི་ཚེས་༡་ཉིན་ས་གནས་ཉེན་རྟོག་པ་ཡོང་ནས་རིན་ཆེན་སྐྱིད་ཀྱི་བྱ་སྤྲོད་དེ་རྒྱལ་ཁབ་ལ་ངོ་ལོག་བྱས་པ་ཞིག་རེད་ཅེས་བཙན་གྱིས་ཁྲིད། ཁོ་མོ་སྨན་ཁང་ཞིག་ཏུ་བཀག་ཉར་བྱས་ནས་ཉིན་གཉིས་ཀྱི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ཞིག་ཏུ་ཁྱེར་འདུག དེ་ནས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག་ཅེས་བཀྲལ། དགེ་རྒན་རིན་ཆེན་སྐྱིད་ནི་ལོ་ན་༤༠་ཡིན་པ་དང་བུ་ཆུང་ལོ་༡༣་ལ་སོན་པ། ཨ་མ་ལོ་ན་༧༩་ལ་སོན་པ་ཞིག་དང་ཁྱོ་ག་བཅས་ཁྱོན་བསྡོམས་ཁྱིམ་ཚང་དེར་བཟའ་མི་༥་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་པ་ཚང་མར་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་རྣམས་ཕྱི་ལ་བཤད་མི་ཆོག གལ་ཏེ་བཤད་ན་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༥་ཙམ་ནས་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་ཁག་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་གི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོགས་སྦྱང་ལག་དེབ་ཟེར་བ་ཞིག་བཀྲམ། བོད་ཁུལ་ཡོངས་སུ་སྲིད་གཞུང་གི་སློབ་གསོ་གཅིག་གྱུར་དགོས་པའི་བཀོད་ཁྱབ་བཏང་སྟེ་རྒྱ་ཡིག་གཙོ་ཁྲིད་དགོས་པར་མ་ཟད། ཡིག་ཆ་དེ་དགེ་རྒན་དང་ལས་བྱེད་པ་ཚོས་མི་གཞན་ལ་བརྒྱུད་སྐུར་བྱེད་མི་ཆོག་པའི་བཀོད་ཁྱབ་བཙན་པོ་བཏང་ཞིང་། དེའི་རྗེས་སུ་རྨ་ཆེན་རྫོང་གི་ཁོངས་སུ་བོད་པའི་སྒེར་གཉེར་སློབ་གྲྭ་གསུམ་དང་མགོ་ལོག་དགའ་བདེ་རྫོང་ཁོངས་སུ་སྒེར་གཉེར་སློབ་གྲྭ་ཁ་ཤས། དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་བཅས་སློབ་གྲྭ་བདུན་སྒོ་རྒྱག་ཏུ་བཅུག ཕྱི་ཟླ་༥་ཚེས་༨་ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀའ་ཕབ། ཕྱི་ཟླ་༧་ཚེས་༨ཉིན་སེང་འབྲུག་སྟག་རྩེ་སློབ་གྲྭ་དངོས་སུ་སྒོ་བརྒྱབ།།

སེང་འབྲུག་སྟག་རྩེ་སློབ་གྲྭ་ནི་ཐོག་མར་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་འཇིགས་མེད་ཀུན་དགའ་རྒྱལ་མཚན་དང་མཁན་པོ་ཐུབ་ནོར་རིན་པོ་ཆེ་རྣམ་གཉིས་ཀྱིས་༡༩༩༨་ལོའི་ཕྱི་ཟླ་༡༢་ཚེས་༥་ཉིན་མགོ་ལོག་ཁུལ་སྲིད་གཞུང་དང་དར་ལག་རྫོང་སྲིད་གཞུང་གཉིས་ཀྱི་ཆོག་མཆན་ལྟར་བཙུགས། ཕྱི་ལོ་༢༠༠༥་ནས་སྲིད་གཞུང་གིས་སློབ་གྲྭ་དེར་སློབ་འབྲིང་རིམ་པའི་ཆོག་མཆན་སྤྲད། སློབ་གྲྭ་དེས་བོད་ཀྱི་ས་ཁུལ་ཁག་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དེ་དག་གི་བུ་ཕྲུག་ཚོར་སློབ་སྦྱོང་སྤྲད། འདས་པའི་བགྲང་བྱ་༢༣་གྱི་རིང་དུ་མགོ་ལག་དར་ལག་རྫོང་ཁོངས་ཀྱི་བོད་ཕྲུག་བརྒྱ་ཕྲག་མང་པོ་སློབ་སྦྱོང་ཐོན་ཏེ་སྤྱི་ཚོགས་ཀྱི་སྡེ་ཚན་ཁག་ཏུ་བོད་ཡིག་གི་སྲི་ཞུ་སྒྲུབ་བཞིན་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG