ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་ཚོགས་པའི་དུས་ཆེན་སྐབས་སུ་སྐྱེ་དགུ་མདོར་དམ་དྲག


༄༅།། ད་ལོའི་ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་སྒ་སྐྱེ་དགུ་མདོར་རྒྱ་ནག་གཞུང་གིས་དམག་མི་མང་པོ་བཀྲམ་ནས་བོད་པ་ཚོའི་ཁ་པར་ལ་ཞིབ་བཤེར་དང་འདྲི་རྩད་བྱས་ནས་དོ་དམ་ནན་པོ་བྱས་ཡོད་ཅིང་། སྐབས་དེའི་པར་རིས་རྣམས་ཕྱི་ལོགས་ཀྱི་སྐད་འཕྲིན་ཚོགས་པ་ཁག་ལ་བཏང་བའི་ཉེས་མིང་འོག་ཕྱི་ཟླ་༨་པའི་ཚེས་༤་ཉིན་སྐྱེ་དགུ་མདོའི་རོ་རྩེད་ཐང་དུ་བོད་པ་གསུམ་འཛིནབཟུང་བྱས་པ་རེད་ཅེས་མིང་བརྗོད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ཟླ་བ་འདིའི་ཕྱི་ཚེས་༤་ཉིན་རིན་ཆེན་རྡོ་རྗེ་དང་སྐལ་བཟང་ཉི་མ། ལྷུན་འགྲུབ་བཅས་བོད་པ་སྐྱེས་པ་གསུམ་སྐྱེ་དགུ་མདོའི་རོ་རྩེད་ཐང་ཆེན་དུ་བསྐྱོད་པའི་སྐབས་དེར་ས་གནས་དེར་སྔོན་དང་མ་འདྲ་བར་ཞིབ་བཤེར་ས་ཚིགས་ཤིག་གསར་བཟོ་བྱས་འདུག་ཟེར། ས་གནས་དེར་དམིགས་བསལ་གསང་བའི་པར་ཆས་མང་པོ་བཙུགས་ཏེ་ཉེན་རྟོག་པ་མང་པོ་བཀྲམ། བོད་པ་ཡར་འགྲོ་མར་འགྲོ་བྱེད་མཁན་ཚང་མར་སྔོག་བཤེར། སྐབས་དེར་ཉེན་རྟོག་པ་གསུམ་ཡོང་ནས་སྐྱེས་པ་གསུམ་པོ་དེར་ཞིབ་བཤེར་དང་ཁ་པར་ནང་དུ་ས་གནས་ཀྱི་དམ་དྲག་གནས་ཚུལ་གསལ་བའི་པར་རིས་ཁ་ཤས་ཚོགས་མི་༢༠༠་ལྷག་ཡོད་པའི་མཐུན་སྒྲིལ་གླིང་ཟེར་བའི་ཕྱི་ལོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ལ་བཏང་ཡོད་པའི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་པ་རེད། ཁོང་གསུམ་ལ་ལག་ལྕགས་བརྒྱབ་ནས་དམག་མི་བཞིས་རླངས་འཁོར་ནང་དུ་བཅུག་སྟེ་ཁྲིད་སོང་ཞེས་བཀྲལ།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རིན་ཆེན་རྡོ་རྗེ་ནི་སྡོམ་མདའ་ཡུལ་ཚོའི་མི་ཞིག་ཡིན་པ་དང་རྟག་ཏུ་གླ་གཏོང་རླངས་འཁོར་གཏོང་མཁན་ཞིག་རེད། སྐལ་བཟང་ཉི་མ་དང་ལྷུན་གྲུབ་གཉིས་ནི་གྲོགས་པོ་རེད། ཁོང་གཉིས་སེར་ཤུལ་ནས་ཡིན་པ་དང་ད་ལྟའི་གནས་སྟངས་ཅི་ཡིན་ཤེས་རྟོགས་བྱུང་མ་སོང་། ཡུལ་ཤུལ་ཁུལ་དུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་སྲུང་བརྩིའི་བྱེད་སྒོ་ཁག་རྒྱ་ཆེན་པོ་ཞིག་སྤེལ་བ་དེའི་སྐབས་སུ་ས་གནས་ལ་དམག་མི་ཕོན་ཆེན་བཀྲམ་ཡོད་པར་མ་ཟད། འབྲོག་ཕྱོགས་དང་སྡེ་པ་སོ་སོར་འགྲོ་སའི་ལམ་མདོ་གང་སར་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་མང་པོ་བཙུགས་ཏེ་བོད་པ་ཚོའི་ལག་ཐོགས་ཁ་པར་ལ་ཞིབ་བཤེར་དང་འདྲི་རྩད། ཚིག་ཐོ་འགོད་སོགས་དམ་དྲག་ཆེན་པོ་བྱས་ཡོད་པའི་གནས་ཚུལ་བྱུང་འདུག

ཐོག་མར་དུས་དྲན་དེ་ཉིན་གསུམ་ལ་སྲུང་བརྩི་ཞུ་འཆར་ཡོད་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་རྒྱུའི་ཉེན་ཁ་ཡོད་པས་ཉིན་གཉིས་ལ་མ་གཏོགས་སྲུང་བརྩི་མ་ཞུས་པ་རེད། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་གྱི་ཉིན་ཤས་གོང་དུ་ཡུལ་ཤུལ་ཁུལ་གྱི་རྫོང་ཁག་རིམ་པར་བརྡ་ཁྱབ་བཏང་སྟེ་ལོ་རྒྱུས་ལ་ནོར་འཁྲུལ་འབྱུང་བའི་གཏམ་བཤད་དང་ངན་སེམས་འཆང་བཞིན་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། དམག་གི་ལོ་རྒྱུས་བཅས་ལ་འཁྱོག་བཤད་དང་དམའ་འབེབས་བྱེད་པ། དེ་དག་ཁས་མི་ལེན་པ་སོགས་ཀྱི་ནང་དོན་མཆིས་སོ་ཅོག་ཐེར་འདོན་བྱ་རྒྱུ་ཡིན་ཞེས་བརྡ་ཁྱབ་བཏང་ཡོད་པའི་འགྲེལ་བརྗོད་གནང་ཡ་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG