ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྔ་བ་སྤྲོ་ཚིགས་དགོན་པའི་ལས་ཐོག་དགེ་བསྐོས་དཀོན་མེ་འཛིན་བཟུང་།


༄༅།། རྒྱ་ནག་གཞུང་གིས་རྔ་བ་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་འཛིན་བཟུང་བྱས་པ་དང་འཛིན་བཟུང་བྱས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་གང་ཡང་བརྒྱབ་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་གར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། དེང་སྐབས་རྒྱ་ནག་གཞུངགིས་བོད་ཁམས་ཡོངས་སུ་དམ་དྲག ལྷག་པར་དུ་རྔ་བ་ཕྱོགས་ཀྱི་དགོན་སྡེ་སྤྱི་དང་བྱེ་ཁག་ལ་དྲག་གནོན། རྒྱ་ནག་གཞུང་གིས་དྲྭ་རྒྱའི་བརྒྱུད་ལམ་ཁག་ལ་ཉུལ་ཞིབ་དང་དོགས་གཞི་ཡོད་པའི་སྐྱ་སེར་ཚོར་ཉེན་རྟོག་ཁང་གི་ཁ་པར་འབྱོར་གྱི་ཡོད་ཅིང་། ཁོ་ཚོ་ཉེན་རྟོག་ཁང་དུ་འབོད་འགུགས་དང་ཞིབ་བཤེར། རྒྱ་གཞུང་གིས་གསལ་བཤད་སོགས་ཅི་ཡང་མེད་པར་བོད་པ་ཚོ་འཛིན་བཟུང་བྱེད་ཀྱི་འདུག དགེ་བསྐོས་དཀོན་མེ་ནི་སྤྲོ་ཚིགས་ཡུལ་ཚོའི་སྤྲོ་ཚིགས་སྡེ་པའི་གླང་ཚང་ཞེས་པའི་ཁྱིམ་ཚང་གི་རེད། ཆུང་དུས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་བྱས་པ་རེད་ཅེས་བཀྲལ།།

གསར་འགོད་པས་བོད་ནང་གི་རྔ་བ་རྫོང་དང་རྔ་བ་ཀིརྟི་དགོན་གྱི་མི་གསུམ་ལ་བརྡ་འཕྲིན་གྱི་ལམ་ནས་འབྲེལ་བ་བྱས་ཏེ་དགེ་བསྐོས་དཀོན་མེ་འཛིན་བཟུང་བྱས་པའི་གནད་དོན་ལ་རྩད་ཞིབ་བྱས་ཀྱང་འཐད་ཀར་གསལ་པོ་བཤད་ཐུབ་མཁན་གཅིག་ཀྱང་མ་རྙེད། ད་ལྟའི་ཆར་བརྡ་འཕྲིན་དྲྭ་ལམ་ལ་རྒྱ་ནག་གཞུང་གིས་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་ཀྱང་སྐབས་རེར་ལྷོད་ཡངས་ཅུང་ཟད་རེ་འབྱུང་གི་འདུག ལྷོད་ཡངས་བྱུང་བའི་སྐབས་དེར་སྐད་ཆ་ཞིབ་ཕྲ་བཤད་ཆོག ད་ལྟའི་དུས་འདིར་སྐད་ཆ་བཤད་རྒྱུ་སྟབས་བདེ་མ་རེད་ཅེས་གཅིག་གྱུར་གྱི་ལན་འདེབས་ཤིག་བྱས་ཤིང་། གཞན་ཡང་ཉིན་ཤས་སྔོན་དུ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་རྒྱ་གཞུང་གིས་ལོ་༡༠་ལྷག་ལ་བཙོན་འཇུག་བྱས་པའི་རྗེས་སུ་གློད་གྲོལ་ཐོབ། ཁོང་གི་ལུས་ཁམས་བདེ་ཐང་ཡིན་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་དཀའ།།

གྲྭ་བློ་བཟང་བསྟན་འཛིན་ནི་ཕྱི་ལོ་༢༠༡༡་ཕྱི་ཟླ་༣་པའི་ཚེས་༡༦་ཉིན་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ལ་འབྲེལ་བ་ཡོད་པའི་སྙད་བཏགས་ནས་ལོ་དེའི་ཕྱི་ཟླ་༣་ཚེས་༢༣་ཉིན་འཛིན་བཟུང་། ཁོང་ལ་ལོའི་དེའི་ཕྱི་ཟླ་༨་པའི་ཚེས་༢༨་ཉིན་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་བཅུ་གསུམ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ཉེ་ཆར་ལོ་༡༠་ལྷག་གི་གཞུག་ཏུ་དུས་ཡུན་མ་ཚང་གོང་དུ་གློད་གྲོལ་བཏང་ནས་ཕ་ཡུལ་དུ་འབྱོར་བའི་གནས་ཚུལ་ཐོན་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG