ངོ་འཕྲད་བདེ་བའི་དྲ་འབྲེལ།

དཔལ་ཡུལ་ཡ་ཆེན་ཆོས་སྒར་དུ་རྒྱུན་འདོན་དཔེ་དེབ་༣༠༠༠་ལྷག་བཙན་འཕྲོག


༄༅།། རྒྱ་གཞུང་གིས་ཆ་བགོ་བྱེད་ཡོད་པའི་བོད་ནང་གི་དཔལ་ཡུལ་རྫོང་གི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། ད་ལོའི་ཕྱི་ཟླ་༦་པའི་ཚེས་༢༦་ནས་༢༩་བར་དུ་དཔལ་ཡུལ་ཆ་ཆེན་ཆོས་སྒར་དུ་རྒྱ་གཞུང་གི་ལས་བྱེད་པ་བསླེབས་ནས་ཆོས་སྒར་གྱི་རྒྱུན་འདོན་ཕྱོགས་སྒྲིག་གི་དཔེ་དེབ་༣༠༠༠་ལྷག་བཙན་འཕྲོག་བྱས་ཤིང་། སྐབས་དེར་རྒྱ་གཞུང་ལས་བྱེད་པས་གཞུང་གི་སྲིད་ཇུས་ཁྲོམ་བསྒྲགས་བྱེད་མི་ཆོག་པར་གསང་བའི་སྒོ་ནས་བསྒྲུབ་དགོས་བ་ཞིག་དང་ཡོངས་གྲགས་ཀྱི་སྒོ་ནས་བསྒྲུབ་དགོས་པ་གཉིས་ཡོད། རྒྱུན་འདོན་ཕྱོགས་སྒྲིག་དཔེ་དེབ་གཞུང་བཞེས་བཏང་བ་ནི་གསང་བའི་སྒོ་ནས་བསྒྲུབ་དགོས་བའི་གྲས་སུ་གཏོགས། གསང་བའི་ཡིག་ཆ་འདི་ཡིན་ཞེས་སྟོན་ཙམ་བྱས་པ་ལས་དོན་དངོས་སུ་རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པའི་ཡིག་ཆའི་ནང་དོན་ཞིབ་ཕྲ་ཅི་ཞིག་བཀོད་ཡོད་མེད་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་མེད་ཅིང་། མི་མང་གིས་ཡིག་ཆ་དེ་པར་གློག་རྒྱག་ཆོག་མིན་སྐད་ཆ་དྲིས་པར་ཆོག་གི་མ་རེད་ཅེས་ལན་གསལ་པོ་ཞིག་སྤྲད་མེད་པ་རེད།།

ཆོས་སྒར་གྱི་རྒྱུན་འདོན་ཕྱོགས་སྒྲིག་དཔེ་དེབ་ནང་དུ་གཙོ་བོ་མདོ་གདུགས་སྒྲོལ་གསུམ་གྱི་རིགས་རྣམས་བཀོད་ཡོད་མོད། འོན་ཀྱང་དཔེ་དེབ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་མམ། ཡང་ན་མགོན་པོ་གང་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས་རེ་ཟུང་། ༧གོང་ས་མཆོག་གང་ཉིད་ཀྱི་ཞབས་བརྟན་གསོལ་འདེབས་རྣམས་འཁོད་ཡོད་ཀྱང་པར་བྱང་སྨོན་ཚིག་སོགས་ཡིག་ཆུང་བྲིས་ཡོད་པ་རྣམས་བསུབས་ཡོད་པ་རེད། ཡིན་ནའང་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་དེབ་༣༠༠༠་ལྷག་བཙན་འཕྲོག་བྱས་འདུག་པར་མ་ཟད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་པའི་རིག་གཉིས་བསླབ་བྱ་དང་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་གྱིས་བརྩམས་པའི་བྱམས་བརྩེའི་གསུང་པོད་གྱི་དཔེ་དེབ་རྣམས་བཀག་སྡོམ་བྱེད་དགོས་བའི་གྲས་སུ་བསྡུས། དབུ་མ་དང་ཚད་མའི་དཔེ་དེབ་ཀྱི་རིགས་ཀྱང་ངེས་བར་དུ་རྒྱ་ནག་གཞུང་གི་ཆོག་མཆན་བཀོད་པའི་དཔེ་རྟགས་ཅན་དཔར་སྐྲུན་གྱིས་བེད་སྤྱོད་གཏོང་དགོས་པའི་ཁྲིམས་སྣ་མང་པོ་ཞིག་བཟོས་འདུག

ད་ལྟ་མང་ཚོགས་ཀྱི་གྲས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་སྤྲུལ་སྐུ་ཨ་གསང་རིན་པོ་ཆེ་སོགས་ཀྱི་གསུང་རྩོམ་རྣམས་ཧ་ཅང་རྒྱུག་ཆེ་བ་དང་ལྟ་ཀློག་བྱེད་མཁན་མང་པོ་ཡོད་པས་རྒྱ་གཞུང་གིས་དམ་དྲག་བྱེད་འགོ་ཚུགས་པ་རེད་ཅེས་གླེང་སློང་བྱེད་བཞིན་འདུག ཡ་ཆེན་ཆོས་སྒར་གྱི་མཐའ་རུ་རྡོ་བརྐོས་སྟེང་ཞེས་ཁང་པ་༧༠་ཡས་མས་ཤིག་ཡོད་པའི་གྲོང་སྡེ་ཞིག་ཆགས་ཡོད་པ་དང་གྲོང་སྡེ་དེའི་སྐྱ་སེར་མང་ཚོགས་ཀྱིས་ལོ་ལྟར་མ་ཎི་དང་གཟུངས་སྔགས་སོགས་རྡོ་ལ་རྐོ་ཡི་ཡོད་པ་རེད། ལོ་འདིའི་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་གཞུང་གི་བཀའ་རྒྱ་འབྱོར་ནས་རྡོ་བརྐོས་རྒྱག་མཁན་སྐྱ་སེར་མང་ཚོགས་ཚང་མ་དེ་གར་སྡོད་དུ་མ་བཅུག་པར་བཙན་གྱིས་རང་གནས་སུ་ཕྱིར་སློག་བྱས་ནས་རྡོ་བརྐོས་རྒྱག་མི་ཆོག་པའི་བཀག་སྡོམ་བྱས་སོང་། ད་ལྟ་རྡོ་བརྐོས་རྒྱག་མཁན་གྱི་ཁང་པ་ཚང་མ་སྟོང་པར་ལུས་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། རྒྱ་ནག་གཞུང་གིས་དཔལ་ཡུལ་ཡ་ཆེན་ཆོས་སྒར་ལ་ལོ་ཤས་སྔོན་ནས་དམ་དྲག་དང་གྲྭ་བཙུན་རྣམས་ཕྱིར་འབུད། སྔ་ལོ་བཙུན་མའི་སྡོད་ཤག་མང་པོ་གཏོར་བཤིག་བཏང་ནས་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG