ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཀིརྟི་དགོན་གྱི་གྲྭ་བློ་བཟང་ཆོས་འཕེལ་འཛིན་བཟུང་།


༄༅།། ད་ལོའི་ཕྱི་ཟླ་༡༠་པའི་ཟླ་མགོ་དེར་བོད་ནང་གི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག་ཅེས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡི་ཤེས་རྣམ་གཉིས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་གནང་སོང་། ཁོང་ཚོས་ཉེ་ཆར་འཛིན་བཟུང་བྱས་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ནི་ལོ་༣༤་ཡིན་པ་ཕྱི་ལོ་༢༠༠༨་ལོར་ལྷ་སར་འཛིན་བཟུང་བྱས་ཤིང་། ༢༠༡༡་ལོར་ལོར་རྔ་བ་ཁུལ་དུ་འཛིན་བཟུང་བྱས་ནས་སྔ་རྗེས་གཉིས་སུ་དུས་ཡུན་ཟླ་བ་བཞི་ལྷག་ལ་བཀག་ཉར་བྱས་འདུག

ཐེངས་འདིར་ཁོང་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་དང་ད་ལྟའི་ཆར་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་མེད་པ་རེད། གྲྭ་བློ་བཟང་ཆོས་འཕེལ་གྱི་ཕ་ཡུལ་ནི་རྔ་སྲིབ་ཀ་ཉག་སྡེ་པའི་རུ་བ་ཚང་ཡིན་ཞིང་། ཁྱིམ་ཚང་དེར་བུ་ཕྲུག་སྤུན་བཞི་ཡོད་པའི་གྲས་ཀྱི་གསུམ་པ་དང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས། ད་ལྟ་ཀིརྟི་དགོན་པའི་གློག་ཀླད་སྡེ་ཚན་གྱི་ལས་བྱེད་པ་དང་དགོན་པའི་པར་པ་བཅས་ཀྱི་འགན་ཁུར་གྱི་ཡོད་པར་མ་ཟད། ཁོང་རྒྱུན་དུ་པར་ལེན་སྒྱུ་རྩལ་ལ་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པས་པར་ལེན་འགྲན་སྡུར་སོགས་ཀྱི་ནང་དུ་བྱ་དགའ་ཐེངས་་འགའ་ཞིག་ཐོབ། དུས་རྒྱུན་དུ་རེ་བའི་ཟླ་འོད་ཅེས་པའི་པིར་མིང་སྤྱད་ནས་འདྲ་པར་བརྩམས་ཆོས་ཁག་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་འགྲེམ་སྤེལ་བྱས་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་ཌ་འདིའི་ཟླ་མགོར་གྲྭ་བློ་བཟང་ཆོས་འཕེལ་དང་ཀིརྟི་དགོན་པའི་དགེ་འདུན་པ་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་འདུག་མོད། འོན་ཀྱང་ད་ལྟའི་ཆར་ཁོང་ཚོའི་མཚན་དང་ཕ་ཡུལ་གང་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མ་སོང་ཞེས་འགྲེལ་བཤད་གནང་འདུག་པའི་སྐོར།

XS
SM
MD
LG