ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་དགེ་འདུན་གྲགས་པ་གློད་གྲོལ།


མཛོད་དགེ་སོག་ཚང་དགོན།
མཛོད་དགེ་སོག་ཚང་དགོན།

༄༅།། བོད་ཀྱི་ཆབ་སྲིད་བཙོན་པ་མཛོད་དགེ་སོག་ཚང་དགོན་པའི་གྲྭ་དགེ་འདུན་གྲགས་པ་རྒྱ་ནག་གཞུང་གིས་ལོ་ལྔར་བཙོན་ཁང་དུ་བཅུག་པའི་རྗེས་སུ་གློད་གྲོལ་བཏང་ཡོད་ཅིང་། ༢༠༡༦་ཟླ་༨་ཚེས་༢༤་ཉིན་གྱི་མཚན་མོར་མཛོད་དགེ་སོག་ཚང་དགོན་པའི་གྲྭ་དགེ་འདུན་གྲགས་པ་དང་བློ་བཟང་ཤེས་རབ་གཉིས་ཀྱི་གྲྭ་ཤག་ལ་གློ་བུར་དུ་དྲག་ཆས་ཉེན་རྟོག་པ་ཡོང་ནས་གཉིས་ཀ་འཇུ་བཟུང་བྱས་ཤིང་། ཕྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༦་ཚེས་༡༧་ཡས་མས་སུ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ས་ཁུལ་གྱི་རྒྱལ་རོང་ཁྲོ་ཆུ་རྫོང་དུ་ཁྲིམས་ར་ཚོགས་ཏེ་རྒྱལ་ཁབ་ཁ་བྲལ་དང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ལུགས་ཀྱི་ནག་ཉེས་བཙུགས་ནས་གྲྭ་དགེ་འདུན་གྲགས་པར་ལོ་ལྔའི་བཙོན་འཇུག་དང་གྲྭ་བློ་བཟང་ཤེས་རབ་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད། ཁོང་གཉིས་ལ་ཁྲིམས་ཐག་བཅད་པའི་ཉིན་དེར་ཁྲིམས་རྩོད་པར་དག་འབུད་བྱེད་དབང་མེད་པར་མ་ཟད། དོ་བདག་སོ་སོའི་ངོས་ནས་ཀྱང་དག་སྐྱེལ་གྱི་སྐད་ཆ་བཤད་ཆོག་པའི་ཐོབ་ཐང་གང་ཡང་མ་སྤྲད། ཁོང་ཚོ་ཕ་མ་སྤུན་མཆེད་སོགས་ལ་ཐུག་འཕྲད་བྱེད་དུ་མ་བཅུག ཁྲིམས་རའི་ནང་དུ་ཟུར་ཉན་ལ་འགྲོ་མཁན་ཚོར་དམ་དྲག་ནན་པོ་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པར་བོད་ཕྱི་ལོགས་སུ་འབྱོར་བའི་གནས་ཚུལ་དང་ད་ལྟ་གསར་དུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སོག་ཚང་དགོན་པའི་གྲྭ་དགེ་འདུན་གྲགས་པ་ཕྱི་ཟླ་༨་པའི་ཟླ་མཇུག་ཡས་མས་སུ་གློད་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར། ཁོང་གི་སྐུ་གཟུགས་བདེ་ཐང་དེ་ཙམ་མེད་པ་དང་མཁྲིས་ནད་ཕོག་སྟེ་ཁྲེང་ཏུའུ་གྲོང་ཁྱེར་ལ་སྨན་བཅོས་བྱེད་དུ་ཕྱིན་ཀྱང་མི་འགྱངས་པར་རང་ཁྱིམ་དུ་ལོག་ཡོང་གི་རེད། ཁོང་གི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱེད་མི་ཆོག་པས་ཀུན་གྱིས་དོགས་ཟོན་ནན་པོ་བྱེད་ཀྱིན་འདུག ཐ་ན་ཉེ་འབྲེལ་དང་སྤུན་མཆེད། གྲོགས་པོ་ཚོས་ཀྱང་གྲྭ་དགེ་འདུན་གྲགས་པ་གློད་གྲོལ་བཏང་ཡོད་པའི་གླེང་སློང་གང་ཡང་བྱེད་མ་ཕོད། ཁོང་གློད་གྲོལ་ཐོབ་ནས་ཟླ་བ་གཉིས་འགྲོ་གྲབས་འདུག ཁོང་ལ་འགྲོ་འདུག་གི་རང་དབང་གང་ཡང་མེད་པ་དང་ཟླ་རེའི་མཚམས་སུ་ས་གནས་ཉེན་རྟོག་ཁང་དུ་བཅར་དགོས་ཀྱི་འདུག ཁོང་ལ་༢༠༡༨་ལོར་བཙོན་ཁང་དུ་མཁྲིས་ནད་བྱུང་སྟེ་དཀའ་ངལ་ཆེན་པོ་འཕྲད་འདུག ད་དུང་ཡང་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། འདས་པའི་ལོ་ལྔའི་རིང་ལ་བཙོན་ཁང་དུ་དཀའ་སྡུག་མྱངས་འདུག་ཅེས་བཀྲལ། གྲྭ་དགེ་འདུན་གྲགས་པ་ནི་མཛོད་དགེ་རྫོང་། ཐང་སྐོར་སོག་ཚང་སྡེ་པ་དང་སོག་ཚང་དགོན་པའི་རྒྱུད་པ་གྲྭ་ཚང་གི་གསང་འདུས་ཁམས་ཚན་ནས་ཡིན་པ་འདུག་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG