ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ།


2021 during a government organised media tour shows villager
2021 during a government organised media tour shows villager

༄༅།། ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་བོད་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་འགྲོ་བཞིན་ཡོད་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་བོད་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ཡོད་མེད། རྒྱ་ནག་གི་སྲིད་ཇུས་དེ་དག་གིས་བོད་པ་ཚོར་ཕན་ཐོགས་ཅི་ཙམ་འབྱུང་གི་ཡོད་མེད་སོགས་ལ་བོད་ནང་གི་བོད་པ་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་ལ་ཁ་བརྡ་བྱས་ནས་གནས་ཚུལ་ཁག་ཅིག་རྒྱུས་ལོན་བྱས་ཡོད།།

ཁོང་གིས་ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་རོགས་སྐྱོར་རྣམ་གྲངས་རིགས་མང་པོ་ཞིག་མང་ཚོགས་ལ་སྟེར་གྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། དཔེར་ན་གོང་རིམ་ནས་རྟོག་ཞིབ་མི་སྣ་སླེབས་ལ་ཉེ་བའི་དུས་་སུ་ཁུལ་དང་རྫོང་། ཐ་ན་སྡེ་པ་སོ་སོའི་གཞི་རིམ་ལས་བྱེད་པ་བཅས་ཀྱིས་མང་ཚོགས་ལ་ཚོགས་འདུ་འཚོགས་དགོས་ཞེས་བརྡ་བཏང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བཤམ་མི་ཆོག་པ་དང་རྟོག་ཞིབ་མི་སྣ་བསྐྱོད་ཡུལ་དུད་ཁྱིམ་སོ་སོའི་ཅོག་ཙེ་སྟེང་དུ་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བསྒྲིག་དགོས། ཁྱིམ་མི་ཚང་མའི་ལུས་ལ་གྱོན་ཆས་གཙང་མ་གྱོན་དགོས། གྱོན་གོས་འཇོག་སའི་སྒམ་གྱི་ནང་དུ་དབྱར་དགུན་སྟོན་དཔྱིད་ཀྱི་ལྭ་བ་རིགས་མ་འདྲ་བ་མང་པོ་བསྒྲིགས་ནས་འཇོག་དགོས། གལ་སྲིད་ལྭ་བ་མང་པོ་མེད་ན་རང་རང་གི་སྤུན་མཆེད་སོགས་ལ་གྱོན་གོས་གཡར་ནས་སྒམ་གྱི་ནང་དུ་བསྒྲིག་དགོས། གོང་རིམ་གྱི་རྟོག་ཞིབ་མི་སྣ་ཚོ་ཁྱིམ་དུ་བསླེབས་ནས་སྐད་ཆ་དྲིས་ན་བོད་སྐད་མ་གཏོགས་རྒྱ་སྐད་བཤད་མི་ཉན། མི་མང་རྒྱ་སྐད་ཤེས་མཁན་ཞིག་ཡིན་རུང་མི་ཤེས་ཁུལ་བྱས་ནས་འདུག་དགོས། གོང་རིམ་གྱི་རྟོག་ཞིབ་མི་སྣས་སྐད་ཆ་དྲིས་སྐབས་ལན་འདེབས་འདི་ལྟར་བྱོས་ཞེས་བོད་ཡིག་ཏུ་བྲིས་པའི་ཡི་གེ་ཤོག་གྲངས་གཉིས་ཅན་ཞིག་སྤྲད་དེ་བློར་འཛིན་བྱེད་དུ་འཇོག་གི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་ལ་གོང་རིམ་ནས་རྟོག་ཞིབ་མི་སྣ་བཏང་སྟེ་སྡེ་པ་ཁག་གི་དུད་ཁྱིམ་ཁ་ཤས་ཀྱི་ནང་དུ་དངོས་སུ་སོང་སྟེ་ཁང་པའི་ཕྱི་ནང་གཉིས་བརྙན་དང་པར་བླངས། འཚོ་བར་དཀའ་ཁག་ཡོད་མེད་དྲིས། དུད་ཁྱིམ་རེ་ཟུང་གི་ཁྱིམ་དུ་ཟས་རིགས་ཀྱི་སྡེར་ཁ་གང་ཡང་བསྒྲིགས་མེད་པར་མ་ཟད། དྲི་བ་ཁག་ལ་རྒྱ་སྐད་ཀྱིས་ལན་བཏབ། ཁུལ་དང་རྫོང་། གཞི་རིམ་ལས་བྱེད་པ་ཚོས་མིག་བརྡ་བཏང་ནས་སྔོན་གྱི་བཀོད་སྒྲིག་ལྟར་བཤད་དགོས་ཞེས་རྣམ་འགྱུར་བསྟན། ཁོ་ཚོ་རྟོག་ཞིབ་པའི་མདུན་དུ་སྡོད་བཟོད་མེད་པར་གྱུར་པའི་རྣམ་པ་ཐོན་སོང་། གོང་རིམ་ནས་བསླེབས་པའི་རྟོག་ཞིབ་མི་སྣ་ཚང་མ་རྒྱ་ནག་པ་རྐྱང་རྐྱང་རེད། ཁོ་ཚོའི་དྲི་བ་ཕལ་ཆེ་བ་འཚོ་བ་དང་བྱིས་པའི་སློབ་སྦྱོང་། ལོ་རེའི་ཡོང་འབབ་དང་བཟའ་བཏུང་། གྱོན་གོས་སོགས་ལ་དཀའ་ཁག་ཡོད་མེད་རྣམས་ཡིན་ཞིང་། མཆོད་ཁང་ནང་སྐུ་པར་ཅི་ཞིག་བཤམས་ཡོད་མེད་ལ་ལྟ་ཙམ་བྱས་པ་ལས་ཞིབ་འདྲི་གང་ཡང་བྱེད་ཀྱི་མི་འདུག

2021 during a government organised media tour shows villager Baima
2021 during a government organised media tour shows villager Baima

རྟོག་ཞིབ་མི་སྣ་ཚོ་མ་བསླེབས་པའི་སྔོན་ལ་ཁུལ་དང་རྫོང་། གཞི་རིམ་གྱི་ལས་བྱེད་པ་ཚོས་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་ཆོག་ཟེར་བ་ནི་ཧ་ལམ་ས་གནས་ཀྱི་ལས་བྱེད་པའི་བསམ་ཚུལ་ཡིན་ཚོད་འདུག ཁོ་ཚོས་སྤྲད་པའི་ཡི་གེ་ཤོག་གྲངས་གཉིས་ཀའི་ནང་དུ་གོང་རིམ་གྱི་རོགས་སྐྱོར་རྣམ་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ཏེ་ཉིན་རེ་བཞིན་ཟས་གོས་ལོངས་སྤྱོད་འདང་ངེས་ཡོད། ཁུལ་དང་རྫོང་། གཞི་རིམ་ལས་བྱེད་པ་ཚོས་ལས་དོན་ལྷུར་ལེན་བྱས་པའི་སྟབས་ཀྱིས་འཚོ་བར་དཀའ་ཁག་ཅན་གྱི་ཁྱིམ་ཚང་གཅིག་ཀྱང་མེད་ཟེར་དགོས་ཀྱི་འདུག རྒྱ་ནག་གཞུང་དང་ས་གནས་ལས་བྱེད་པ་ཚོའི་བར་དུ་ལས་ཀའི་ལག་ལེན་གྱི་ཁྱད་པར་ཆེན་པོ་འདུག ཁུལ་དང་རྫོང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བར་དུའང་ལས་ཀའི་ལག་ལེན་གྱི་ཁྱད་པར་ཞིག་ཡོད་པ་ནི་ཕལ་ཆེར་བོད་ཁུལ་ཡོངས་སུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ངོ་མ་ཞིག་ཡིན་ཚོད་འདུག་ཅེས་བརྗོད་སོང་བ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG