ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐའེ་ཝན་ནང་བསམ་བློའི་སིལ་འཛུལ་གྱི་ཐབས་ཇུས་སྤེལ་བཞིན་པར་བརྗོད། 


ཐའེ་པེ་ནང་རྟེན་གཞི་བྱས་ཡོད་པའི་རིག་མཛོད་ཅིག་དང་ཐའེ་ཝན་གྱི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཐའེ་ཝན་ནང་རང་དབང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཚོ་འགུག་ཐབས་ཆེད་དུ་ཆ་འཕྲིན་རྫུན་མ་དྲིལ་བསྒྲགས་བྱེད་པར་བརྟེན་ནས་ཐའེ་ཝན་མི་དམངས་ཀྱི་བསམ་བློ་ཐད་ནས་འགྱུར་ལྡོག་གཏོང་ཐབས་བྱེད་བཞིན་ཡོད་ཚུལ་བརྗོད་འདུག ཐའེ་ཝན་གྱི་རྣམ་འགྱུར་ནི་རྒྱ་ནག་སྐམ་ས་ཆེན་མོ་དང་གང་ཅིའི་ཐད་ནས་ཐག་ཇེ་རིང་དུ་གཏོང་རྒྱུ་དེ་རེད་ལ། ལྷག་པར་དུ་དེང་སང་ཐའེ་ཝན་གཞོན་སྐྱེ་ཚོའི་ནང་ཐེ་ཝན་ནི་རྒྱ་ནག་སྐམ་ས་ཆེན་མོ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད།

སྲིད་དོན་ཉམས་ཞིབ་པ་འགས་བརྗོད་ན། རྒྱ་ནག་ཕྱོགས་ནས་ཐའེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་བཞིན་པ་དང་ཆབས་ཅིག་ཆ་འཕྲིན་རྫུན་མའི་རིགས་གང་མང་དྲིལ་བསྒྲགས་བྱེད་པའི་སྲིད་ཇུས་རྙོག་འཛིང་ཧ་ཅང་ཆེན་པོ་ཞིག་ལག་ལེན་བསྟར་བཞིན་པར་བརྟེན། ད་ཆ་ཐའེ་ཝན་ནི་དུས་དང་རྣམ་པ་ཀུན་ཏུ་འགོག་སྲུང་གི་རྣམ་པ་ཞིག་ཏུ་གནས་ཡོད་ཅེས་བརྗོད་འདུག

ཐའེ་པེ་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་འགྲོ་སོང་བཏང་བའི་རྒྱལ་སྲུང་བདེ་འཇགས་ཀྱི་ཞིབ་འཇུག་སློབ་གླིང་ལས། དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱི་འགན་འཛིན་Tzeng Yi-suoལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། རྒྱ་ནག་གི་དམིགས་ཡུལ་ནི་བསམ་བློའི་བསིལ་འཛུལ་བྱས་པར་བརྒྱུད་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་བཏང་ནས་མཐར་ཐུག་མི་རྣམས་ཀྱི་བྱ་སྤྱོད་ལ་འགྱུར་ལྡོག་གཏོང་ཐབས་བྱ་རྒྱུ་དེ་རེད། རྒྱ་ནག་གིས་ཐའེ་ཝན་ནང་ཁ་བྲལ་རིང་ལུགས་པ་ཚོ་ལ་འཇིགས་སྣང་བསྐུལ་རྒྱུ་འཚམས་འཇོག་བྱས་མ་མྱོང་ལ། ཐའེ་ཝན་ཚུད་པའི་དམངས་གཙོ་རྒྱལ་ཁབ་དག་གི་ནང་དུའང་རྒྱ་ནག་གི་ཆ་འཕྲིན་རྫུན་མའི་རིགས་དྲིལ་བསྒྲགས་བྱས་པ་བརྒྱུད་མི་རྣམས་ཀྱི་བསམ་བློ་འདུ་ཤེས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་རེད་ཅེས་བརྗོད་འདུག Tzeng Yi-suoལགས་ཀྱིས་ཟླ་བ་གོང་མའི་ནང་སྤེལ་བའི་རྒྱ་ནག་གི་ཆབ་སྲིད་དང་དམག་དོན་འཕེལ་རྒྱས་སྐོར་གྱི་ལོ་མཇུག་གི་སྙན་ཐོའི་ནང་རྒྱ་ནག་གི་བྱེད་ཕྱོགས་ཐད་ནས་གླེང་སློང་བྱས་འདུག

གོང་འཁོད་སྙན་ཐོ་དེའི་ནང་འཁོད་གསལ། ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པ་ནས་བཟུང་། རྒྱ་ནག་གིས་སྐམ་མཚོ་གཉིས་ཆ་ནས་ཐའེ་ཝན་ལ་དམག་གི་སུན་གཙེར་བཟོས་དང་བཟོ་མུས་ཡིན་ཞིང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་གིས་དྲ་རྒྱའི་སིལ་འཛུལ་བྱས་པ་སོགས་བརྒྱུད་ནས་ཆ་འཕྲིན་རྫུན་མའི་རིགས་བསྟུད་མར་སྤེལ་བཞིན་ཡོད་པ་རེད། བྱེད་ཕྱོགས་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་ཐའེ་ཝན་ནང་པེ་ཅིང་གི་ཁེ་ཕན་དང་རྒྱབ་འགལ་གྱི་བྱ་འགུལ་ཡོད་ཚད་འགོག་ཐབས་བྱ་རྒྱུ་དེ་རེད་ཅེས་འཁོད་འདུག

སྙན་ཐོ་དེའི་ནང་མུ་མཐུད་ནས་འཁོད་གསལ། རྒྱ་ནག་གིས་ཐབས་ཤེས་དེ་དག་བརྒྱུད་ནས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱིན་ཝན་འཛིན་སྐྱོང་ལ་དོ་ཕོག་གཏོང་ཐབས་ཀྱིས་ཐེ་ཝན་གྱི་དམངས་གཙོ་ལམ་ལུགས་ལ་གཏོར་བརླག་བཏང་ཡོད་པར་མ་ཟད། ཐའེ་ཝན་ནང་གི་སྤྱི་ཚོགས་ཀྱི་ཟིང་ཆ་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་གནས་སྟངས་དེ་ཛ་དྲག་ཆེ་རུ་ཕྱིན་བཅུག་ཡོད་ཚུལ་འཁོད་འདུག Tzeng Yi-suoལགས་ནས་རྒྱ་ནག་གིས་ཐབས་ཤེས་ཡོད་རྒུ་རྩ་སྤྲུགས་བེད་སྤྱོད་བཏང་ནས་ན་ནིང་ལོའི་སྤྱི་ཟླ་དང་པོའི་ནང་སྲིད་འཛིན་འོས་འདེམས་ཆེན་མོ་ལ་གཏོར་བརླག་གཏོང་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་རེད། རྒྱ་ནག་སྲིད་གཞུང་གིས་ཧོང་ཀོང་ནང་གི་དམངས་གཙོ་ལ་དྲག་གནོན་གཞི་རྒྱ་ཆེན་པོ་བྱས་ཡོད་པ་དེས་ད་ཆ་ཐེ་ཝན་ནང་དུ་རྒྱ་ནག་གཞུང་ལ་ཞེན་པ་ལོག་མཁན་ཇེ་མང་དུ་ཕྱིན་བཅུག་འདུག་ཅེས་འཁོད།

རྒྱ་ནག་ཕྱོགས་ནས་ཐའེ་ཝན་དེ་དབང་འོག་ཏུ་བསྡུ་ཐབས་བྱེད་བཞིན་པ་དང་ཐའེ་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་མོའི་ཐོག་འཛིན་པའི་ལྟ་སྟངས་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་རྒྱག་གི་ཡོད་ཀྱང་། Tzeng Yi-suoལགས་ཀྱིས་རྒྱ་ནག་གི་རེ་བ་གཙོ་བོ་ནི་ཐའེ་ཝན་ནང་རང་དབང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་དེ་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ་དེ་རེད། ཡིན་ནའང་པེ་ཅིང་ཕྱོགས་ནས་འཕེལ་ཕྱོགས་དེ་ལ་བཀག་འགོག་བྱ་ཐུབ་རྒྱུ་མ་རེད་ཅེས་དང་། ཁོས་བསམས་ན་ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་དུས་ཚོད་དམ་འཛིན་གྱིས་ཐའེ་ཝན་ཐོག་སྲིད་ཇུས་གསར་པ་སྤེལ་རྒྱུ་ལ་ཚོད་ལྟ་བྱེད་བཞིན་པ་དང་མ་འོངས་པར་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་སྟངས་འཛིན་བྱ་རྒྱུའི་དམིགས་ཡུལ་ངན་པ་བཅངས་ཡོད་པས། ཐའེ་ཝན་ཕྱོགས་ནས་རྒྱ་ནག་གི་སིལ་འཛུལ་དེ་ལ་དོགས་ཟོན་ནན་མོ་ཐོག་ནས་རྒྱ་ནག་གིས་སྤེལ་བའི་ཆ་འཕྲིན་རྫུན་མའི་རིགས་དེ་དག་འགོག་ཆེད་ཕྱོགས་ཡོངས་ནས་ཞིབ་བཤེར་མ་ལག་གསར་འཛུགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་འདུག

བསམ་བློ་འདུ་ཤེས་སྐོར་གྱི་དམག་འཁྲུག་ཅེས་པ་དེ་ནི་ཐ་སྙད་གསར་པ་ཞིག་ཏུ་མཐོང་ཡང་དོན་དངོས་སུ་གནད་དོན་དེའི་རིགས་ནི་ལོ་བཅུ་གྲངས་ཤིག་ལ་གནས་ཡོད་པ་ཞིག་རེད། ཐའེ་ཝན་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་རྒྱ་ནག་ལས་དོན་སྡེ་ཚན་གྱི་འགན་འཛིན་ཟུར་པ་ཏུང་ལི་ཝན་གྱིས་༢༠༡༩ལོར་སྤེལ་བའི་རྩོམ་ཡིག་ཅིག་ལས། ཐའེ་ཝན་ཕྱོགས་ནས་འཛམ་བུ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚོ་དང་ཐུན་མོང་ཐོག་ནས་རྒྱ་ནག་གི་བསམ་བློའི་སིལ་འཛུལ་ལ་དམིགས་པའི་འགོག་སྲུང་མ་ལག་ཅིག་བསྐྲུན་དགོས་ཀྱི་འདུག རྒྱུ་མཚན་ནི་དེང་སང་རྒྱ་ནག་ཕྱོགས་ནས་སྤེལ་བའི་སྲིད་ཇུས་དེ་དག་གི་ཤུགས་རྐྱེན་ངན་པ་དེ་བཞིན་ཐའེ་ཝན་གཅིག་པུ་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པས། དེང་སང་འཛམ་གླིང་ནང་དམངས་གཙོ་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་གྱི་ཐོག་ནས་འགྲན་སློང་ཆེན་པོ་དེ་ལ་གདོང་ལེན་མི་བྱེད་ཀ་མེད་ཀྱི་གནས་སུ་གྱར་ཡོད་ཅེས་འཁོད་འདུག

ཐའེ་པེ་ཆབ་སྲིད་སློབ་གྲྭ་ཆེན་མོའི་གསར་འགྱུར་བརྒྱུད་ལམ་སྐོར་ལ་ཉམས་ཞིབ་གནང་མཁན་Huang Jaw-niaལགས་ཀྱིས་རྒྱ་ནག་ཕྱོགས་ནས་འཛམ་གླིང་ཁྱོན་ཡོངས་ལ་དམིགས་པའི་དྲིལ་བསྒྲགས་རྒྱ་བསྐྱེད་བཏང་ཐོག་རྒྱ་ནག་སྐོར་གྱི་གཏམ་རྒྱུན་བཟང་པོ་ཞེས་པ་བརྒྱུད་སྤེལ་གྱིས་འཛམ་གླིང་གི་དམངས་གཙོ་ལ་དོ་ཕོག་གཏོང་ཐབས་བྱེད་བཞིན་ཡོད་ཚུལ་བརྗོད་འདུག འོན་ཏེ་གོང་ཞུས་བརྗོད་ཚུལ་དེ་དག་སྐོར་ལ་པེ་ཅིང་མཉམ་འབྲེལ་སློབ་གྲྭ་ཆེན་མོའི་ཐའེ་ཝན་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ལིས་ཀྲན་ཀོང་གིས་ཐའེ་ཝན་དང་དེ་བཞིན་ལྕམ་ཚའེ་དབྱིན་ཝན་འཛིན་སྐྱོང་ལ་རྒྱ་ནག་ཕྱོགས་ནས་དོ་ཕོག་བཏང་བའི་དོན་དངོས་ལ་ངོས་ལེན་བྱས་མི་འདུག

XS
SM
MD
LG