ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ནད་ཡམས་ཀྱི་ཛ་དྲག་ཆེ་རུ་སོང་སྟེ་ཟུར་འགོག་ཁང་འཛུགས་སྐྲུན། 


ཧི་པེ་ཞིང་ཆེན་གྱི་རྒྱལ་ས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཡུལ་མི་ཚོས་ནད་དུག་ཡོད་མེད་ཀྱི་བརྟག་དཔྱད་བྱེད་བཞིན་པ། ༢༠༢༡།༡།༡༢

༄༅།། རྒྱ་ནག་གིས་ཧི་པེ་ཞིང་ཆེན་གྱི་རྒྱལ་ས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཕྱི་ལོགས་སུ་ཞིང་ཁའི་ཐོག་ཏུ་ནད་པ་༣༠༠༠་རེ་ཤོང་བའི་ཟུར་འགོག་ཁང་གསར་པ་༣་འཛུགས་སྐྲུན་བྱེད་འགོ་ཚུགས། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་ནད་པ་གསར་པ་ཇེ་མང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ནད་པ་ཟུར་འགོག་ཁང་དེ་དག་གིས་སྔ་ལོ་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་གྱི་ས་སྟོང་ཞིག་ཏུ་སྨན་ཁང་ཆེན་པོ་འགའ་ཞིག་འཛུགས་སྐྲུན་བྱས་ནས་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་བྱས་པ་རྣམས་དྲན་སྐུལ་བྱེད་ཐུབ། གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་གསར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠༡་བྱུང་ཡོད་པ་དང་ནད་པ་༢༦་ཚབས་ཆེའི་གནས་སུ་ལྷུང་འདུག འདས་པའི་ཆུ་ཚོད་༢༤་རིང་དུ་ནད་པ་གསར་པ་༡༤༤་ཐོན་སོང་། ནད་པ་༩༠་ཐམ་པ་ཧི་པེ་ཞིང་ཆེན་དང་ནད་པ་༤༣་ཧེ་ལོང་ཅང་ཞིང་ཆེན། མི་༩་ལ་ཕྱི་རྒྱལ་ནས་ཡོང་བའི་མི་ཚོས་ནད་དུག་བགོས་འདུག རྒྱ་ནག་ཀོང་ཤི་དང་ཧྲན་ཤི་ཞིང་ཆེན་གཉིས་སུའང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་འཐོན་གྱི་འདུག་ཅེས་བསྒྲགས། འོན་ཀྱང་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་དང་ནད་དུག་ཁྱབ་གདལ་འགྲོ་ཡུལ་གྱི་གྲངས་འབོར་དེ་རྣམས་ངོ་མ་ཡིན་མིན་ནི་བཤད་དཀའ།།

ཧྲང་ཧེ་གྲོང་ཁྱེར་གྱི་འགྲིམ་འགྲུལ། ༢༠༢༡།༡།༡༥
ཧྲང་ཧེ་གྲོང་ཁྱེར་གྱི་འགྲིམ་འགྲུལ། ༢༠༢༡།༡།༡༥

རྒྱ་ནག་གི་ལོ་སར་སྔོན་འདིར་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་པའི་སྟབས་ཀྱིས་ཧི་པེ་ཞིང་ཆེན་སོགས་ལ་འགྲིམ་འགྲུལ་དང་ཚོང་ལས་བཀག་སྡོམ། སློབ་གྲྭ་དང་ཚོང་ཁང་སོགས་སྒོ་བརྒྱབ། ད་དུང་ཧི་པེ་ཞིང་ཆེན་གྱི་ཞཱིང་ཐེ་གྲོང་ཁྱེར་དང་ལང་ཧྥང་གྲོང་ཁྱེར། པེ་ཅིང་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་བཅས་ས་གནས་གསུམ་གྱི་མི་གྲངས་༢༠༠༠༠༠༠༠་ལྷག་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་ཆོག་ཅེས་བཀག རྒྱ་ནག་གི་འཕྲོད་བསྟེན་ཉམས་ཞིབ་པ་ཚོས་ན་ནིང་རྒྱ་ནག་གཞུང་གིས་ནད་ཡམས་མགོ་བཅོམ་པའི་རྗེས་སུ་རྒྱལ་ཡོངས་ཀྱི་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་ནས་ལྷོད་ཡངས་ཤོར་ཡོད་པ་འདྲ། ཉེ་ཆར་པེ་ཅིང་གི་ཉེ་འཁོར་དུ་ཆགས་པའི་ཧི་པེ་ཞིང་ཆེན་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་དེ་ལ་བལྟས་ཚེ། འདས་པའི་ཟླ་ཤས་རིང་རྒྱ་ནག་གི་གྲོང་གསེབ་ཁག་དང་ས་གནས་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཡོད་པའི་ཉེན་ཁ་ཆེ་ཞེས་བསྟན། ནད་ཡམས་ཁྱབ་གདལ་གཏོང་བའི་རྒྱུ་རྐྱེན་གཙོ་ཞིག་ནི་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམ། ཁ་རས་མ་བརྒྱབ་པར་ཕྱི་ལ་སོང་བ་སོགས་ལ་ཐུག་འདུག ཕྱི་ཟླ་༢་པའི་ཚེས་༡༡་ནས་རྒྱ་ནག་གི་ལོ་སར་འགོ་ཚུགས་ཡོད་པས་གྲོང་ཁྱེར་ཁག་ནས་མི་གྲངས་དུང་ཕྱུར་རེ་ཟུང་ཞིག་གྲོང་གསེབ་ཁག་ལ་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག གཉེན་ཚན་བཅས་ལ་ཐུག་འཕྲད་དུ་བསྐྱོད་སྲོལ་ཡོད་པས་རྒྱ་ནག་གཞུང་གིས་ལོ་འདིར་སླར་ཡང་ལོ་སར་གྱི་འགྲིམ་འགྲུལ་འགོག་རྒྱུ། ནད་དུག་ཁྱབ་ཡུལ་རྣམས་ཟུར་འགོག མི་མང་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད། རྒྱ་ནག་མི་དམངས་ལ་འགོག་ཁབ་བརྒྱབ་ནས་ནད་ཡམས་སྔོན་འགོག་གི་ཐབས་སུ་འབད།།

རྒྱ་ནག་གཞུང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་ཚུད་པའི་ས་གནས་ཁག་གི་མི་༥༠༠༠༠༠༠༠་ཐམ་པར་འཕྲལ་དུ་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་ཡོད། མི་དམངས་ལ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་འཆར་ཡོད། རྒྱ་ནག་གི་འགོག་ཁབ་དེ་རྣམས་རྒྱལ་ནང་དང་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་གཙོ་བར་གྱུར་པའི་འཛམ་གླིང་ཡོངས་ལ་བགོ་འགྲེམ་བྱེད་ཆོག་ཟེར། ཡིན་ནའང་རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་པ་དེ་ཚོར་མྱུར་དུ་འགོག་ཁབ་རྒྱག་ཐུབ་རྒྱུ་མིན་པ་དང་རྒྱ་ནག་གིས་བཟོས་པའི་འགོག་ཁབ་ལ་ཕན་ནུས་ཆུང་བ། རྒྱ་ནག་མི་དམངས་རྣམས་འགོག་ཁབ་དེར་ཡིད་ཆེས་མེད་པ་སོགས་ཀྱིས་འགོག་ཁབ་རྒྱག་རྒྱུ་སྟབས་བདེ་ཞིག་མིན་ཞིང་། རྒྱ་ནག་གཞུང་གིས་རང་གི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༧༧་དང་གྲངས་ཆུང་༩༦་ཡོད། ནད་པ་ཚབས་ཆེན་ཚོར་ཕན་ནུས་བརྒྱ་ཆ་༡༠༠་འཐོན་གྱི་ཡོད་ཅེས་གསལ་བསྒྲགས་སྤེལ། སྔ་ལོ་རྒྱ་ནག་གི་འགོག་ཁབ་དེ་རྣམས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་སྤྲད་ནས་ནད་པ་ཁྲི་ཚོ་འགའ་ཞིག་ལ་ཚོད་ལྟ་བྱས་པའི་གྲུབ་འབྲས་ལྟར་ན། བྷར་ཛིལ་གཞུང་གིས་རྒྱ་ནག་གི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༥༠་༣༨་ལས་ཐོན་མ་སོང་ཞེས་གཞི་གྲངས་སུ་བཀོད། དེར་བརྟེན་ཧོང་ཀོང་ས་གནས་གཞུང་གིས་རང་གི་མངའ་ཁུལ་དེའི་མི་དམངས་ལ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་འོས་མིན་ཐེ་ཚོམ་བྱུང་སྟེ་སྨན་པ་མཁས་པ་ཚོ་ཚོགས་འདུ་ཚོགས། ཁོ་ཚོས་ཧོང་ཀོང་མི་དམངས་ལ་རྒྱ་ནག་གི་འགོག་ཁབ་རྒྱག་དགོས་མིན་གྲོས་སྡུར་བྱས་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གཞུང་གིས་ཕྱི་ཟླ་༢་པའི་ཚེས་༡༡་གི་སྔོན་དེར་མི་འབོར་བརྒྱ་ཆ་༣་དང་ཕྱེད་ཀ་ལྷག་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་། ཧྲིན་ཀྲེན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ལོ་ན་༢༡་ལ་སོན་པའི་ཝང་ཧྲུ་ཡུའེ་ཞེས་པ་ཞིག་གིས་ང་ལ་འགོག་ཁབ་བརྒྱབ་ཟིན། ད་ནས་ང་ལ་ནད་དུག་འགོ་རྒྱུ་མིན་པ་དང་བློ་སེམས་བདེ་བོ་ཞིག་འདུག འཛམ་གླིང་རྒྱལ་ཁབ་ཡོངས་སུ་འགོག་ཁབ་རྒྱག་གི་ཡོད་པས་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཡུན་རིང་མི་འགོར་པར་སེལ་ཐུབ་རྒྱུ་རེད་ཅེས་བཤད། ཝུ་ཧན་གྲོང་ཁྱེར་གྱི་ཡུལ་མི་ཤཱང་ནན་ཞེས་པ་ཞིག་གིས་རྒྱལ་ཁབ་གཞན་གྱི་མི་མང་གིས་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་ལ་འཛེམ་དོགས་དང་སྔོན་འགོག་ནན་པོ་ཞིག་བྱེད་ཀྱི་མི་འདུག ཁོ་ཚོ་རང་སྣང་གང་དྲན་གྱིས་ཕྱི་ལ་སོང་སྟེ་མི་ཚོགས་བསྡུ་སྐོང་བྱེད་ན་ནད་དུག་འགོ་རྒྱུ་ལས་སླ་བོ་རེད། མི་ཚང་མས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་དེར་གཟབ་གལ་ཆེ་ཞེས་ཉམས་མྱོང་བཤད། ཐོག་མར་རྒྱ་ནག་གཞུང་གིས་ལོ་ན་༡༨་ནས་༥༩་བར་དུ་སོན་པའི་ནད་པ་ཁག་ཅིག་ལ་ཛ་དྲག་གི་ཆེད་དུ་འགོག་ཁབ་བརྒྱབ། དེ་ནས་ལོ་ན་༦༠་ཡན་ཆད་ཀྱི་མི་མང་ལ་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་བཀོད། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་རང་གི་སྨན་སྦྱོར་བཟོ་ཚོང་ཁང་དེ་དག་གིས་བཟོས་པའི་འགོག་ཁབ་རྣམས་མི་གྲངས་ཅི་ཙམ་ལ་བརྒྱབ་ཡོད་མེད། རྒྱ་ནག་གི་འགོག་ཁབ་དེར་ཕན་ནུས་ཅི་ཙམ་ཐོན་ཡོད་མེད། ཞོར་གནོད་ཅི་ཞིག་ཡོད་མེད། རྒྱ་ནག་གི་འགོག་ཁབ་དེ་ཚོར་དགོས་ངེས་ཀྱི་ཚོད་ལྟ་རིམ་པ་གསུམ་བརྒྱུད་ནས་བརྟག་དཔྱད་བྱས་ཡོད་མེད་བཅས་ཀྱི་གཞི་གྲངས་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་༡༥་ཡོད་པའི་ཚོགས་ཆུང་ཞིག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་འབྱོར། ༢༠༢༡།༡།༡༤
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་༡༥་ཡོད་པའི་ཚོགས་ཆུང་ཞིག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་འབྱོར། ༢༠༢༡།༡།༡༤

ཁ་སང་གཟའ་ཕུར་བུའི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་༡༥་ཡོད་པའི་ཚོགས་ཆུང་ཞིག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་འབྱོར། ཁོ་ཚོས་༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེ་མཚོ་ཟས་དང་རི་སྐྱེས་སྲོག་ཆགས་གསོན་ཚོང་ཁྲོམ་ར་དེ་ཡིན་ནམ། ཡང་ན་ཝུ་ཧན་གྲོང་ཁྱེར་དུ་ཚུགས་ཡོད་པའི་རྒྱ་ནག་གི་ནད་འབུ་ཕྲ་རབ་ཞིབ་འཇུག་ལྟེ་གནས་ཁང་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་འཁྱར་བ་ཡིན་མིན་བརྟག་དཔྱད་བྱ་འཆར་ཡོད་འདུག རྒྱ་ནག་གཞུང་གིས་ལོ་གཅིག་ལྷག་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་རྣམས་ཝུ་ཧན་ལ་ཡོང་མ་བཅུག ལོ་གཅིག་ལྷག་གི་དུས་ཡུན་རིང་དེར་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་དུག་གི་འབྱུང་ཁུངས་གཙང་དག་བྱས་ཟིན་ཞིང་། དེས་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་ཚོས་ཝུ་ཧན་གྲོང་ཁྱེར་དུ་ནད་དུག་གི་འབྱུང་ཁུངས་རྙེད་རྒྱུའི་གོ་སྐབས་ཤིན་ཏུ་ཕྲ། རྒྱ་ནག་གཞུང་གིས་སྔ་ལོ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཁྱོན་བསྡོམས་རྒྱལ་ཡོངས་སུ་ནད་པ་༨༧༩༨༨་བྱུང་ཡོད། མི་༤༦༣༥་ལ་འཆི་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་འདུག ཉམས་ཞིབ་པ་ཚོས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་སྟེ་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ནི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ལྡབ་བཅུ་ཕྲག་འགའ་ཞིག་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG