ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་པའི་གྲྭ་པ་ཞིག་ལ་རྡུང་རྡེག་ཕོག་ནས་འདས་གྲོངས།


HRW Tibetan Monk
HRW Tibetan Monk

༄༅།། ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༡༩་ལ་སོན་པའི་བོད་པའི་གྲྭ་པ་བསྟན་འཛིན་ཉི་མ་ཞེས་པ་ཞིག་ལ་བཙོན་ཁང་དུ་རྡུང་རྡེག་དྲག་པོ་ཕོག་སྟེ་གློད་གྲོལ་བཏང་བའི་རྗེས་སུ་འཆི་སྐྱོན་བྱུང་ཡོད་པའི་གནས་ཚུལ་སྤེལ་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གྲྭ་གཞོན་བསྟན་འཛིན་ཉི་མར་རྡུང་རྡེག་གཏོང་མཁན་ཚོར་རྒྱ་ནག་གཞུང་གིས་ངེས་པར་དུ་ཁྲིམས་གཅོད་བྱ་དགོས། ལོ་ན་༡༦་ལ་སོན་པའི་ཚུལ་ཁྲིམས་ཞེས་པའི་གྲྭ་གཞོན་ཞིག་ཚུད་པའི་བོད་པ་༦་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་འཛིན་བཟུང་བྱས་པ་ཚོར་ལོ་གཅིག་ནས་ལོ་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་གྱིས་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་གྱིས་བོད་པ་ཚོ་བཀག་ཉར་བྱས་ནས་གསོད་དུ་འཇུག་གི་འདུག བོད་པའི་གྲྭ་གཞོན་བསྟན་འཛིན་ཉི་མ་གདུག་རྩུབ་ཆེན་པོས་དམར་གསོད་བྱེད་མཁན་ཚོར་འགན་འཁྲི་ལེན་དུ་འཇུག་དགོས་ཞེས་བཤད།།

བསྟན་འཛིན་ཉི་མ་ནི་དེང་སྐབས་རྒྱ་ནག་གཞུང་གིས་དབྱེ་བགོ་བྱེད་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྫ་དབོན་པོ་ཡུལ་ཚོའི་ཁོངས་སུ་ཆགས་པའི་རྫ་དབོན་པོ་དགོན་པའི་གྲྭ་པ་ཡིན་ཞིང་། ༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༩་ཉིན་བསྟན་འཛིན་ཉི་མ་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་ཤིང་། ཉི་མ་གཉིས་ཀྱི་སྔོན་དེར་བསྟན་འཛིན་ཉི་མ་དང་རོགས་པ་གཞན་གསུམ་གྱིས་རྫ་དབོན་པོ་ཡུལ་ཚོའི་ས་གནས་སྲིད་གཞུང་གི་མདུན་དུ་བོད་རང་བཙན་ཡིན་ཞེས་ངོ་རྒོལ་སྐད་འབོད་བྱས་ནས་ཡིག་ཆ་གཏོར། ཁོ་ཚོས་ངོ་རྒོལ་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་བོད་པ་ཞིང་འབྲོག་མང་ཚོགས་རྣམས་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག ས་གནས་དེའི་འགོ་ཁྲིད་ཚོས་ཞིང་འབྲོག་མང་ཚོགས་བཙན་སྤོར་བྱེད་དུ་འཇུག་གི་ཡོད་པ་དབུལ་གྲོལ་གྱི་ལས་གཞི་ཡིན། ལས་གཞི་དེར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་སོང་ཞེས་འུད་སྒྲོགས་བྱས་པར་བོད་པའི་ན་གཞོན་དེ་ཚོས་ངོ་རྒོལ་བྱས་འདུག ༢༠༢༠་ལོའི་ཕྱི་ཟླ་༥་པའི་ནང་དུ་བསྟན་འཛིན་ཉི་མ་གློད་གྲོལ་བཏང་རུང་ཕྱི་ཟླ་༨་པའི་ཚེས་༡༡་ཉིན་བསྐྱར་དུ་འཛིན་བཟུང་། ཁོ་པ་འཛིན་བཟུང་བྱས་དོན་ནི་རྒྱ་གར་དུ་ཡོད་པའི་ངོ་ཤེས་ཤིག་དང་དེ་མིན་གྱི་འབྲེལ་ཡོད་ཁག་ཅིག་ལ་རང་ཉིད་འཛིན་བཟུང་པའི་རྒྱུ་རྐྱེན་རྣམས་དྲྭ་ལམ་དུ་བསྒྲགས་པར་ཐུག་འདུག ན་ནིང་ཕྱི་ཟླ་༡༠་པའི་མགོ་སྟོད་དེར་བཙོན་ཁང་གི་ལས་སྣེ་ཚོས་བསྟན་འཛིན་ཉི་མའི་ཕ་མ་སོགས་ལ་མི་ལེན་དུ་ཤོག བསྟན་འཛིན་ཉི་མར་ན་ཚ་ཐུ་མོ་ཞིག་ཕོག་ཡོད་པས་སྨན་བཅོས་བྱེད་དུ་ཁྱེར་ཞེས་བརྡ་བརྒྱབ། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པ་རྒྱུས་ཡོད་ཚོས་བསྟན་འཛིན་ཉི་མར་བཙོན་ཁང་དུ་རྡུང་རྡེག་བཏང་སྟེ་ཁ་གྲག་མི་ཐུབ་པ་དང་ལུས་པོ་འགུལ་སྐྱོད་མི་ཐུབ་པ། དབུགས་འབྱིན་རྔུབ་ཁག་པོ་ཡིན་པའི་ཚད་དེར་ལྷུང་བའི་མཚམས་སུ་ཕ་མ་ཚོར་རྩིས་སྤྲོད་བྱས་པ་རེད། ཁོ་པར་བཙོན་ཁང་དུ་རྡུང་རྡེག་བཏང་བ་དང་ཟས་བཅུད་མ་འདང་བ། གདུག་རྩུབ་མྱངས་པ་བཅས་ལ་བརྟེན་ནས་འདས་གྲོངས་སུ་གྱུར་པ་རེད་ཅེས་བཀྲལ།།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྔ་ལོའི་ཕྱི་ཟླ་༡༠་པའི་ཚེས་༩་ཉིན་བསྟན་འཛིན་ཉི་མ་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཁྱེར་ཀྱང་སྐབས་དེར་དྲན་ཤེས་བརླགས་ཟིན་ཡོད་ཅིང་། བསྟན་འཛིན་ཉི་མའི་ཕ་མ་ཚོས་སྨན་ཡོན་རྒྱ་སྒོར་༤༠༠༠༠་འདུ་འགོད་བྱེད་མ་ཐུབ་པར་ཉི་མ་བཅུ་འགོར། དེའི་བར་དུ་ནད་པ་ཛ་དྲག་གི་གནས་སུ་ལྷུང་རུང་སྨན་ཁང་གིས་སྨན་བཅོས་མ་བྱས་པར་སྨན་ཡོན་ལ་སྒུག སྨན་ཡོན་འདུ་འགོད་ཐུབ་པ་དང་ཉིན་བཅུའི་གཞུག་ཏུ་སྨན་བཅོས་བྱས་དུས་ནད་པ་སྐྱོབ་མི་ཐུབ་པའི་གནས་སྟངས་འོག་ཏུ་ལྷུང་། ཕྱི་ཟླ་༡༢་པའི་ཚེས་༡་ཉིན་བསྟན་འཛིན་ཉི་མའི་ཕ་མ་སོགས་ཀྱིས་སླར་ཡང་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་བསྟན་རུང་སྨན་ཁང་གིས་ནད་པ་དེ་ཚབས་ཆེན་རེད་ཅེས་སྨན་བཅོས་མ་བྱས་པར་རང་ཁྱིམ་དུ་སློག དེ་ནས་ཅང་མ་འགོར་པར་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ནང་དུ་བསྟན་འཛིན་ཉི་མ་འདས་གྲོངས་སུ་གྱུར་འདུག རྒྱ་ནག་གཞུང་གིས་བོད་པ་སྲིད་དོན་བཙོན་པ་ཚོར་རྟག་ཏུ་བཀག་ཉར་ཁང་དང་བཙོན་ཁང་དུ་རྡུང་རྡེག་ཚབས་ཆེན་བཏང་སྟེ་འཚོ་གནས་མི་ཐུབ་པ་ཞིག་ལ་བསྒྱུར་ནས་རང་ཁྱིམ་དུ་རྩིས་སྤྲོད་བྱེད་པའི་ལུགས་སྲོལ་ཞིག་དར། དེ་ནི་བོད་པ་སྲིད་དོན་བཙོན་པ་རྣམས་བཙོན་ཁང་དུ་རྡུག་རྡེག་བཏང་ནས་དམར་གསོད་བྱས་པའི་ལན་ཁག་རྣམས་རྒྱ་ནག་གཞུང་ལ་མི་འཕོག་པའི་ཆེད་དུ་ཡིན་ཞིང་། ཆབ་སྲིད་ཀྱི་གནད་དོན་ཐོག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་པའི་བོད་པ་རྣམས་ཕྱིས་སུ་གློད་གྲོལ་ཐོབ་པ་དང་ནད་མནར་གྱི་དུས་སུ་སྨན་ཡོན་སྤྲོད་རྒྱུ་ཡོད་ཀྱང་སྨན་ཁང་མང་དག་ཅིག་གིས་སྨན་བཅོས་བྱེད་ཀྱི་མེད་པའི་གནས་ཚུལ་རིམ་པ་ཞིག་ཐོན་གྱི་ཡོད་པ་རེད།།

༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༠་དང་ཚེས་༡༢་གཉིས། ཕྱི་ཟླ་༡༢་པའི་ཚེས་༡༤་བཅས་ལ་བསྟན་འཛིན་ཉི་མ་སོགས་བོད་པ་༦་ལ་སེར་ཤུ་རྫོང་། འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད། ཁོ་ཚོ་ནི་ལོ་ན་༢༠་ཐམ་པར་སོན་པའི་ཆོས་འཕེལ་དང་ཁོ་པ་ལོ་བཞི་ལ་བཙོན་འཇུག ལོ་ན་༢༠་ཐམ་པར་སོན་པའི་བསོད་བཀྲ་ལ་ལོ་གསུམ་གྱི་བཙོན་འཇུག ལོ་ན་༡༦་ལ་སོན་པའི་ཚུལ་ཁྲིམས་ལ་ལོ་གཅིག་གི་བཙོན་འཇུག ལོ་ན་༢༢་ལ་སོན་པའི་ཉི་མ་ལོ་ལྔ་ལ་བཙོན་འཇུག ལོ་ན་༢༣་ལ་སོན་པའི་ཆོས་རྒྱལ་ལ་ལོ་བཞི་དང་ལོ་ན་༢༢་ལ་སོན་པའི་ཡོན་ཏན་ལ་ལོ་བཞིའི་བཙོན་འཇུག་བྱ་དགོས་ཞེས་རྫ་དབོན་པོ་དགོན་པའི་གྲྭ་པ་༤་དང་ས་གནས་དེའི་མི་སྐྱ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། བསྟན་འཛིན་ཉི་མར་ཁྲིམས་ཐག་མ་བཅད་པ་ནི་རྡུང་རྡེག་ཕོག་སྟེ་ནད་གཅོང་གསོན་ཐབས་མེད་པ་ཞིག་ལ་གྱུར་ཡོད་པའི་སྟབས་ཀྱི་ཡིན་སྲིད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་བོད་པ་དེ་ཚོར་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་པ་དང་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་སྒྲོགས་བྱས་པ། ཁྲིམས་འགལ་གྱི་ཡིག་ཆ་གཏོར་པ་སོགས་ཀྱི་ནག་ཉེས་བཙུགས་ནས་ཁྲིམས་ཐག་བཅད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་གནས་ཚུལ་དེར་སྔ་ལོ་སེར་ཤུལ་རྫོང་འབྲིང་རིམ་མི་དམངས་ཁང་གིས་ཁྲིམས་ཐག་བཅད་པའི་བོད་པ་དེ་ཚོར་ཁྲིམས་བཤེར་དྲང་སྙོམས་ཤིག་བྱས་ཡོད་མེད། ཁོ་ཚོར་སྒེར་གྱི་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་སྤྲད་ཡོད་མེད། རྒྱ་ནག་གཞུང་གིས་བོད་པ་དེ་ཚོར་དག་འབུད་ཁྲིམས་རྩོད་པ་བསྐོ་བཞག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་ཞིག་བཀོད་མེད་པ་རེད།།

རྒྱ་ནག་གཞུང་གིས་རྫ་དབོན་པོ་དགོན་པའི་གྲྭ་གཞོན་དེ་དག་གི་ངོ་རྒོལ་ལས་འགུལ་ལ་ས་གནས་མི་མང་གིས་རྒྱབ་སྐྱོར་བྱས་པའམ། ཡང་ན་ས་གནས་མི་མང་ཁག་ཅིག་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱས་ཡོད་པའི་དོགས་གཞིའི་འོག་བོད་པ་སེར་སྐྱ་༣༠་ལྷག་བཀག་ཉར་བྱས་ཤིང་། དེའི་རྗེས་སུ་རྒྱ་ནག་གཞུང་གིས་རྫ་དབོན་པོ་ཡུལ་ཚོར་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་སྲང་ལམ་ཁག་ཏུ་སྐོར་གཡེང་བྱས་པ་དང་དམག་སྦྱོང་བྱས་ནས་བོད་པ་ཚོར་འཇིགས་སྐུལ། ས་གནས་མི་མང་རྣམས་དུས་ཡུན་བདུན་ཕྲག་གཉིས་ལ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོའི་ཚོགས་འདུར་བསྡུས། ཕྱི་ཟླ་༡༢་པའི་ཟླ་མཇུག་གི་མཚམས་སུ་བཀག་ཉར་བྱས་པའི་སེར་སྐྱ་མི་མང་ཕལ་ཆེ་བ་གློད་གྲོལ་བཏང་རུང་མི་༧་ལ་ཁྲིམས་བཤེར་བྱས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་གྱིས་བོད་པ་ན་གཞོན་དེ་དག་ལ་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་པ་ཚོས་ངེས་པར་དུ་ལྟ་རྟོག་བྱ་དགོས། རྒྱ་ནག་གི་འགོ་ཁྲིད་ཚོས་ཁྲིམས་འགལ་ཚབས་ཆེན་བྱེད་ཀྱི་ཡོད་པ་ཐེར་འདོན་བྱ་དགོས། བསྟན་འཛིན་ཉི་མར་རྡུང་རྡེག་བཏང་སྟེ་འཆི་སྐྱོན་བྱུང་དུ་བཅུག་པའི་མི་ཚོར་འགན་འཁྲི་ལེན་དུ་མ་བཅུག་ཚེ། མ་འོངས་པར་ཁྲིམས་འགལ་གྱི་གནས་ཚུལ་འབྱུང་རྒྱུ་ཇེ་མང་དུ་འགྲོ་ངེས་རེད་ཅེས་ནན་སྐུལ་བྱས་ཤིང་། རྒྱ་ནག་གི་ཉེན་རྟོག་པ་ཚོས་བཙོན་པ་ཚོར་རྡུང་རྡེག་དང་མནར་གཅོད། ལྷག་པར་དུ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་བཙོན་པ་ཚོར་མནར་གཅོད་དྲག་པོ་གཏོང་རྒྱུ་རྒྱུན་ལྡན་ཞིག་ཏུ་གྱུར་འདུག་ཅེས་བཀོད་འདུག

XS
SM
MD
LG