ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འགོག་ཁབ་ལ་དོགས་པ་ཡོད་པ་སེལ་ཐུབ་ཀྱི་མེད་པ།


༄༅།། རྒྱ་ནག་གཞུང་གིས་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིར་ཚོང་དང་རོགས་རམ་སྤྲོད་པ། རྒྱལ་ཁབ་ཁག་ཅིག་ལ་བུ་ལོན་ཐོག་ཏུ་སྨན་ཁབ་ཕྱིར་ཚོང་བྱས་ནས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་སྤེལ་གཏོང་ཐབས་ཀྱི་ཕྱི་འབྲེལ་ཐབས་ཇུས་ཤིག་ལག་ལེན་བསྟར། ཉམས་ཞིབ་པ་མང་དག་ཅིག་གིས་རྒྱ་ནག་གི་འགོག་ཁབ་དེ་ཚོར་ཕན་ནུས་ཅི་ཙམ་ཡོད་མེད་དང་ཟུར་གནོད་ཅི་ཞིག་ཡོད་མེད་ཀྱི་བརྟག་དཔྱད་གྲུབ་འབྲས་རྣམས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱེད་ཐུབ་ཀྱི་མེད་པར་རྒྱུ་མཚན་ཞིག་ཡོད་ཤས་ཆེ། ལྷག་པར་དུ་རྒྱ་ནག་མི་དམངས་ཀྱིས་རྒྱལ་ནང་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་འགོག་ཁབ་དེ་དག་རྒྱག་གི་མེད་པ། རྒྱ་ནག་གཞུང་གིས་རང་ཡུལ་གྱི་སྨན་པ་དང་སྨན་ཞབས་པ། གཞུང་གི་ལས་བྱེད་པ་ཚོར་བཙན་བཀའ་བཏང་ནས་འགོག་ཁབ་རྒྱག་ཏུ་འཇུག་གི་ཡོད་པ། རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་ཀྱང་མི་གྲངས་བྱེ་བ་༦་ཡས་མས་ཤིག་ལས་འགོག་ཁབ་རྒྱག་ཐུབ་མེད་པའི་རྒྱུ་རྐྱེན་ཅི་ཡིན་ལ་དོགས་སློང་། ༢༠༢༡་ལོའི་ཕྱི་ཟླ་༢་པ་ནས་རྒྱ་ནག་གིས་སྨན་ཁབ་རིགས་མ་འདྲ་བ་གཉིས་རྒྱལ་ཁབ་༢༢་ལ་ཕྱིར་ཚོང་བྱ་རྒྱུ་འགོ་ཚུགས། པ་ཀི་སི་ཐན་ཚུད་པའི་རྒྱལ་ཁབ་༥༣་ལ་སྨན་ཁབ་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་འགོག་ཁབ་དེ་ཚོར་དོགས་པ་ཡོད་པ་སེལ་མ་ཐུབ་པའི་དཀའ་ངལ་རྣམས་རང་སོར་གནས་འདུག་ཅེས་ཉམས་ཞིབ་པ་ཚོས་གནས་ཚུལ་སྤེལ་འདུག

དབྱིན་ཇིའི་ཡུ་གྷོ་ཁྲོམ་ར་ཉམས་ཞིབ་ཁང་གིས་རྒྱལ་ཁབ་༡༧་གྱི་ནང་དུ་མི་༡༩༠༠༠་ལ་སྐད་ཆ་དྲིས་ནས་ཞིབ་འཇུག་བྱས་པ་ལྟར་ན། རྒྱལ་ཁབ་༡༦་གི་ནང་དུ་མི་མང་སྐད་ཆ་འདྲི་ཡུལ་ཕལ་མོ་ཆེས་རྒྱ་ནག་གི་འགོག་ཁབ་དེ་ཚོར་ཕན་གནོད་ཅི་ཞིག་ཡོད་མེད་དོགས་པ་ཡོད། རྒྱ་ནག་གི་འགོག་ཁབ་དེ་ཚོར་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག་ཅེས་ལན་བཏབ། ཨི་རན་གཅིག་པུའི་ནང་དུ་མི་མང་སྐད་ཆ་འདྲི་ཡུལ་མང་ཆེ་བས་རྒྱ་ནག་གི་འགོག་ཁབ་དེ་ཚོར་ཡིད་ཆེས་ཡོད་ཅེས་ལྟ་སྟངས་བཟང་པོ་ཡོད་པའི་ལན་འདེབས་ཤིག་བྱུང་འདུག རྒྱ་ནག་གིས་སྨན་ཁབ་དེ་དག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཛ་དྲག་གི་ཆེད་དུ་རྒྱག་ཆོག་ཅེས་ཆོག་མཆན་བཀོད་པའི་གནས་ཚུལ་གང་ཡང་ཐོན་མེད་ཅིང་། ཉམས་ཞིབ་པ་མང་ཆེ་བས་རྒྱ་ནག་གཞུང་གིས་རང་གི་འགོག་ཁབ་དེ་རྣམས་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་བཀྲམ་ནས་ཚོད་ལྟ་བྱེད་དུ་འཇུག་རྒྱུ། རྒྱ་ནག་མི་དམངས་ལ་རང་ཡུལ་གྱི་འགོག་ཁབ་དེ་ཚོར་དོགས་པ་ཡོད་པ་རྣམས་ཕྱི་ལོགས་མི་ལ་བརྒྱབ་ནས་སེལ་ཐབས་བྱེད་ཀྱི་འདུག་ཅེས་གླེང་། རྒྱ་ནག་གཞུང་གིས་འགོག་ཁབ་མཁོ་སྤྲོད་བྱས་ནས་ཕྱི་འབྲེལ་རྒྱ་སྐྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་མེད། ཞིས་ཅིན་ཕིང་གིས་གོ་ལའི་ཁྱོན་དུ་ཕན་བདེ་བསྒྲུབ་པར་རྒྱ་ནག་གི་འགོག་ཁབ་འགྲེམ་སྤེལ་བྱ་རྒྱུ་ཡིན་ཞེས་བསྟན་པ་ལག་ལེན་བསྟར་གྱི་ཡོད། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་པར་མཉམ་འབྲེལ་བྱེད་ཀྱི་ཡོད། ང་ཚོས་ཀུན་སློང་ངན་པ་ཞིག་བཅངས་ནས་སྨན་ཁབ་ཕྱིར་ཚོང་དང་རོགས་སྐྱོར་སྤྲོད་ཀྱི་མེད་ཅེས་སྐྱོན་བརྗོད་དང་དོགས་སློང་དེ་ཚོར་དགག་པ་བརྒྱབ།།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་དཔལ་འབྱོར་སློབ་གྲྭ་ཆེན་མོའི་བདེ་འཇགས་དང་སྲིད་ཇུས་སློབ་གླིང་གི་ཉམས་ཞིབ་ཝྭུཀ་ས་ནོ་ཝྭི་ཆི་ཞེས་པའི་ཉམས་ཞིབ་པ་ཞིག་གིས་བཤད་པ་ལྟར་ན། ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་སྐབས་སུ་འཛམ་གླིང་ཡོངས་ལ་རྒྱ་ནག་གིས་ཁ་རས་བཏང་ནས་རོགས་སྐྱོར་བྱས་པ་རེད། ད་ལྟ་སྨན་ཁབ་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གིས་ཁ་རས་བཀྲམ་ནས་ཕྱི་འབྲེལ་སྲིད་ཇུས་རྒྱ་སྐྱེད་བྱས་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་ཞིག་ཡིན་པར་མ་ཟད། ཁ་རས་བཀྲམ་ནས་ཕྱི་འབྲེལ་རྒྱ་སྐྱེད་དང་སྨན་ཁབ་བཀྲམ་ནས་ཕྱི་འབྲེལ་རྒྱ་སྐྱེད་གཉིས་ཀྱི་ངོ་བོ་གཅིག་པ་རེད། དེའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ནག་འགན་འཁྲི་ལེན་པའི་རྒྱལ་ཁབ་ཅིག་ཡིན། འཛམ་གླིང་ཡོངས་ལ་ཁ་རས་དང་སྨན་ཁབ་འདང་ངེས་མེད་པའི་སྐབས་སུ་རྒྱ་ནག་གིས་དཀའ་ངལ་སེལ་རོགས་བྱས་ནས་འགན་འཁྲི་ལེན་གྱི་ཡོད་ཅེས་སྟོན་ཐབས་བྱེད་ཀྱི་ཡོད་པ་རེད། ༢༠༡༩་ལོར་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ལྟ་སྟངས་ཧ་ཅང་ངན་པ་ཞིག་བྱུང་བ་སྒྱུར་ཐབས་སུ་རྒྱ་ནག་གིས་ཁ་རས་དང་སྨན་ཁབ་འགྲེམ་སྤེལ་བྱེད་ཀྱི་འདུག རྒྱ་ནག་གིས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུ་བཅས་ཀྱིས་སྨན་ཁབ་བགོ་འགྲེམ་བྱེད་ཀྱི་ཡོད་པར་འགྲན་སྡུར་བྱས་ནས་རྒྱ་ནག་གིས་རྒྱལ་ཁབ་བྱེ་བྲག་པ་རེར་པེ་ཅིང་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་འདུག་ཅེས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བཤད།།

རྒྱ་ནག་གིས་སྨན་ཁབ་ཕྱིར་ཚོང་དང་དར་གོས་ཚོང་ལམ་སླར་གསོ་གཉིས་འབྲེལ་བ་མཐུད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཁེལ་ཡུལ་རྒྱལ་ཁབ་ཁག་ལ་སྨན་ཁབ་ཕྱིར་ཚོང་དང་རོགས་རམ་སྤྲོད་དགོས་ཞེས་བསྒྲགས། ༢༠༡༣་ལོར་ཞིས་ཅིན་ཕིང་གིས་མགོ་བརྩམས་པའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་དེ་འཛམ་གླིང་ཧྲིལ་པོར་རྒྱ་ནག་གི་དངོས་ཟོག་སྐྱེལ་འདྲེན་བྱེད་ཐུབ་པའི་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གྲུ་ཁ་དང་གནམ་ཐང་སོགས་འཛུགས་སྐྲུན་གྱི་འཆར་གཞི་ཆེན་པོ་ཞིག་ཡིན་པས་རྒྱལ་ཁབ་མང་དག་ཅིག་གི་ཁྲོམ་རའི་ནང་དུ་རྒྱ་ནག་གི་དངོས་ཟོག་བླུགས་ཡོང་རྒྱུ་ཡིན་པའི་ཉེན་ཁ་ཆེ། ད་དུང་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་འཛུགས་སྐྲུན་གྱིས་རང་བྱུང་ཁོར་ཡུག་ལ་གཏོང་བཤིག་དང་རྒྱལ་ཁབ་མང་དག་ཅིག་གི་དམག་དོན་ལ་འབྲེལ་བ་ཡོད་པའི་ས་གནས་ཁག་ཏུ་རྒྱ་ནག་བདེ་བླག་ཏུ་ཐར་གྱི་ཡོད་པ། རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཁེལ་ཡུལ་རྒྱལ་ཁབ་ཁག་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་གནོན་ཤུགས་འོག་ནས་ནམ་ཡང་ཐར་ཐབས་མེད་པའི་ཉེན་ཁ་བཅས་ལ་གཞིགས་ཏེ་རྒྱལ་ཁབ་ཅིག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ལ་ངོ་རྒོལ་བྱས་པའམ། ལས་གཞི་དེའི་ཁོངས་སུ་མ་ཞུགས་པ་དང་ཞུགས་ཟིན་པ་ཁག་ཅིག་ཕྱིར་འཐེན། དེར་བརྟེན་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོག་འགོག་གི་སྨན་ཁབ་མེད་པའི་གོ་སྐབས་བཟུང་ནས་དར་གོས་ཚོང་ལམ་ཁེལ་ཡུལ་གྱི་རྒྱལ་ཁབ་ཁག་ལ་སྨན་ཁབ་ཕྱིར་ཚོང་དང་རོགས་རམ་སྤྲོད་རྒྱུ། རྒྱལ་ཁབ་དེ་དག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་འཛུགས་སྐྲུན་ཁོངས་སུ་ཞུགས་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་བྷོ་སི་ཊོན་གྲོང་ཁྱེར་གྱི་བྱང་ཤར་སློབ་གྲྭ་ཆེན་མོའི་བདེ་འཇགས་དང་བསྟུན་འགྱུར་ཉམས་ཞིབ་ཁང་གི་འགན་འཛིན་ཨལ་ཌི་རི་ཆིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་གལ་གནད་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འགོག་ཁབ་ཕྱིར་ཚོང་བྱེད་ཆོག་ཅེས་བརྡ་བཏང་མི་འདུག དེའི་ཚབ་ཏུ་རྒྱ་ནག་གིས་ཨ་ཧྥི་རི་ཀ་དང་ལྷོ་ཨ་མི་རི་ཀ དཀྱིལ་ཤར་ས་ཁུལ་སོགས་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་ལ་སྨན་ཁབ་ཕྱིར་ཚོང་དང་རོགས་རམ་བྱས་ནས་རྒྱ་ནག་ལ་མིང་ཤས་བཟང་པོ་ཞིག་འཐོབ་ཐབས། རྒྱ་ནག་གིས་སྨན་ཁབ་བརྒྱུད་ནས་མཐུན་གྲོགས་གསར་པ་སྒྲིག་ཐབས་བྱེད་ཀྱི་འདུག་ཅེས་བཤད། ༢༠༡༩་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནས་ཐོན་པའི་སྨན་དང་ཡོ་བྱད་བརྒྱ་ཆ་༡་དང་གྲངས་ཆུང་༩་ལས་ཉོས་མེད་ཀྱང་རྒྱ་གར་གྱི་སྨན་དང་ཡོ་བྱད་བརྒྱ་ཆ་༢༡་དང་གྲངས་ཆུང་༩་ཉོས་ཤིང་། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གི་སྨན་ཁབ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་སྨན་གྱི་ཐོན་སྐྱེད་ཕྱིར་ཚོང་བྱ་རྒྱུ། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ན་ཕྱི་རྒྱལ་བ་ཚོ་རྒྱ་ནག་ལ་ཡོང་རྒྱུའི་ཐོངས་མཆན་སྤྲོད་རྒྱུ་དེར་དཀའ་ངལ་མེད་པའི་སྲིད་ཇུས་ཤིག་ཀྱང་ལག་ལེན་བསྟར། གང་ལྟར་རྒྱ་ནག་གཞུང་གིས་ཞི་དྲག་གཉིས་དང་མངོན་ལྐོག་གཉིས་སུ་རྒྱ་ནག་གི་སྨན་ཁབ་དེ་ཚོར་རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་དང་ཡིད་ཆེས་འཐོབ་ཐབས། རྒྱ་ནག་གི་སྨན་ཁབ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG