ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

རྒྱ་གཞུང་གིས་དྲྭ་ཐོ་༨༠༠༠་ལྷག་སྒོ་བརྒྱབ་སྟེ་ལས་འགུལ་གསར་པ་ཞིག་སྤེལ། 


༄༅།། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཚོང་ལས་ཀྱི་ཐོབ་ཐང་ལ་འགལ་འཛོལ་བྱུང་བ་དང་རྒྱ་ནག་གིས་བཟོས་པའི་འགྲུལ་སྐྱེལ་གནམ་གྲུར་དམའ་འབེབས་བྱེད་ཀྱི་འདུག་ཅེས་དྲྭ་ཐོ་༨༠༠༠་ལྷག་སྒོ་བརྒྱབ་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༡་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་གིས་འཁྱོག་བཤད་དང་གསར་འགྱུར་རྫུན་མ་ཁྱབ་སྤེལ། མི་ལ་མགོ་སྐོར་གཏོང་བའི་དྲྭ་རྒྱ་ཁག་སྒོ་བརྒྱབ་ནས་གཙང་དག་བྱེད་ཀྱི་ཡོད་ཅེས་ལས་འགུལ་གསར་པ་ཞིག་སྤེལ་འགོ་ཚུགས། གཟའ་མིག་དམར་ཉིན་རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་གི་སྐད་འཕྲིན་དྲྭ་ཚིགས་སུ་དྲྭ་ཐོ་ཁག་ཅིག་གི་ནང་དུ་དོན་དངོས་ལ་འཁྱོག་བཤད་དང་གསར་འགྱུར་རྫུན་མ་ཁྱབ་སྤེལ། ངན་སེམས་བཅངས་ནས་བཟོ་ཚོང་ལས་ཁུངས་ཁག་ཅིག་ལ་དམའ་འབེབས་བྱེད་པའམ། ཡང་ན་རྒྱལ་གཅེས་རིང་ལུགས་ཀྱི་རྣམ་པར་བརྫུས་ནས་བཟོ་ལས་ཐོན་སྐྱེད་ལ་དཀྲོག་གཏམ་སྒྲོགས་ཀྱི་འདུག་ཟེར། ཡིན་ནའང་རྒྱལ་གཅེས་རིང་ལུགས་ཀྱི་མིང་ཐོག་ཏུ་རྒྱ་ནག་གི་བཟོ་ལས་ཐོན་སྐྱེད་ལ་རྫུན་སྒྲོགས་དང་འཁྱོག་བཤད་ཅི་ཞིག་བྱས་པ་གསལ་བཀྲོལ་བྱས་མེད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་དྲྭ་ལམ་རྩོམ་པ་པོ་སི་མ་ནན་
རྒྱ་ནག་གཞུང་གིས་དྲྭ་ལམ་རྩོམ་པ་པོ་སི་མ་ནན་

རྒྱ་ནག་གཞུང་གིས་དྲྭ་ལམ་རྩོམ་པ་པོ་སི་མ་ནན་ཞེས་པ་ཞིག་ནས་ལེ་ནོ་ཝོ་བཟོ་ཚོང་ཁང་གིས་རྒྱལ་ཁབ་ཀྱི་རྒྱུ་དངོས་བཙོངས་པ་དང་བཟོ་ཚོང་ཁང་དེའི་འགན་འཛིན་ཚོས་གླ་ཕོགས་ཆེན་པོ་ལེན་གྱི་འདུག་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་པ་རྣམས་དཔེ་མཚོན་དུ་བཀོད། རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་གི་བཀོད་ཁྱབ་དེར་སྐད་འཕྲིན་དང་ཝི་པོ། ཏུག་དབྱིན་སོགས་འབྲེལ་ཡོད་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཁག་ལ་རང་རང་གི་འཕྲིན་སྟེགས་སུ་སྤེལ་གྱི་ཡོད་པའི་དྲྭ་ལམ་གྱི་བརྗོད་བྱ་ཁག་ལ་དབྱེ་གསེས་དང་ཞིབ་བཤེར། དཀྲོག་གཏམ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རྣམས་འགོག་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅེས་འཁོད། རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་དྲྭ་ཐོ་ཁག་ཅིག་གི་བདག་པོ་རྣམས་རྒྱ་ནག་གིས་བཟོས་པའི་C919་འགྲུལ་སྐྱེལ་གནམ་གྲུ་ལ་དམའ་འབེབས་བྱེད་མཁན་དང་ངན་སྨོད་བྱེད་མཁན་རེད་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གཞུང་གིས་C919་འགྲུལ་སྐྱེལ་གནམ་གྲུ་ནི་རྒྱལ་སྤྱིའི་ཐོག་ཏུ་ཨ་རི་བཟོས་པའི་བྷོ་དབྱིན་737་འགྲུལ་སྐྱེལ་གནམ་གྲུ་དང་ཡུ་རོབ་ཀྱིས་བཟོས་པའི་ཨེར་བྷ་སི་320་འགྲུལ་སྐྱེལ་གནམ་གྲུ་གཉིས་ལ་འགྲན་སྡུར་བྱེད་ཐུབ་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་ལྟོས་བཅངས།།

རྒྱ་ནག་གིས་བཟོས་པའི་C919་འགྲུལ་སྐྱེལ་གནམ་གྲུ་དེའི་འཕྲུལ་ཆས་ཨ་མ་དང་སྟངས་འཛིན་མ་ལག བརྡ་གཏོང་དང་འབབ་འཁོར་སོགས་ལྷུ་ལག་མང་ཆེ་བ་ཕྱི་རྒྱལ་ནས་ནང་འདྲེན་བྱ་དགོས་ཤིང་། ཨ་མི་རི་ཀས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་དང་འཕྲུལ་ཆས་ཁག་ཅིག་ཕྱིར་ཚོང་བྱ་རྒྱུ་བཀག་འགོག་བྱས་པའི་རྗེས་སུ་རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་དེ་ཨ་རྒྱའི་འཕྲུལ་རིག་འཐབ་རྩོད་ཀྱི་བར་དུ་ཚུད། རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་གིས་སྒོ་བརྒྱབ་ཟིན་པའི་དྲྭ་ཐོ་ཁག་ཅིག་གིས་བཟོ་ཚོང་ལས་ཁུངས་ཁག་ལ་ངན་སྨོད་དང་གསར་འགྱུར་རྫུན་མ་ཁྱབ་སྤེལ། ཁེ་ལས་པ་སྒེར་པ་ཚོའི་འཚོ་བ་དང་དེ་དག་གིས་ཁེ་སང་ཆེན་པོ་ལེན་གྱི་འདུག་ཅེས་སྐྱོན་བཙུགས། ཁོ་ཚོས་གསར་འགོད་གསལ་བསྒྲགས་རྫུན་མ་སྤེལ་བ་དང་བཟོ་ཚོང་ལས་ཁུངས་ཁག་ལ་སྡིགས་སྐུལ་གྱི་མཆན་བྲིས་པ་རེད་ཅེས་སྒོ་རྒྱག་དགོས་པའི་རྒྱུ་མཚན་བགྲངས། རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ལྷག་ཡོད་པའི་དེ་དག་གི་གྲས་ནས་སྒྲིག་འཛུགས་ཉུང་ཤས་ཤིག་ལ་མ་གཏོགས་དྲྭ་ལམ་དུ་གསར་འགྱུར་སྤེལ་ཆོག་པའི་འཁྲོལ་ཆ་སྤྲད་མེད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་གིས་དྲྭ་ཐོ་ཁག་ཅིག་གི་ལས་རྟགས་རྫུན་མ་རེད། ལས་རྟགས་དེ་དག་གིས་སྤྱི་དམངས་ལ་མགོ་སྐོར་ཐེབས་ཤས་ཆེ། ལས་རྟགས་དེ་རྣམས་ཚོང་ལས་ཀྱི་ཐོབ་ཐང་ལ་འགལ་འཛོལ་འགྲོ་ཡི་འདུག དྲྭ་ཐོ་དེ་དག་གི་ནང་དུ་སྤེལ་བའི་མཆན་དང་འཕྲིན་ཐུང་༨༦༠༠༠་ལྷག་བཟོ་ཚོང་ལས་ཁུངས་ཁག་གི་སྐོར་ལ་སྤེལ་བའི་གནས་ཚུལ་རྫུན་མ་རེད། དེར་བརྟེན་དྲྭ་ཐོ་༨༤༢༥་སྒོ་བརྒྱབ་པ་ཡིན། ང་ཚོས་དྲྭ་ལམ་གྱི་ཚོང་ལས་ཁོར་ཡུག་རྒྱ་སྐྱེད་དང་གཙང་དག་བྱ་རྒྱུ་ཡིན་ཟེར་བ་མ་ཟད། སྤྱི་དམངས་ཀྱིས་འཁང་ར་བཤད་ས་ཡང་རྒྱ་ཆེ་རུ་གཏོང་འཆར་ཡོད། རྒྱ་ནག་གི་སྤྱི་ཚོགས་སུ་དཀའ་ངལ་སློང་བའི་དྲྭ་ཐོ་ཁག་ལ་ཞིབ་བཤེར་བྱས་ནས་ཚོང་ལས་དར་སྤེལ་ལ་དམིགས་པ་གཏོད་འཆར་ཡོད་ཅེས་བསྒྲགས། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ན་གཞོན་ལས་མེད་པའི་གྲངས་འབོར་ཇེ་མང་། ལོ་གསུམ་གྱི་ནད་ཡམས་དུས་སུ་རྒྱ་ནག་གི་ཚོང་ལས་ཉམས་རྒུད་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་
རྒྱ་ནག་གི་དྲྭ་ལམ་དོ་དམ་ཁང་

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དྲྭ་ལམ་དུ་འཁྱོག་བཤད་བྱེད་མཁན་དང་ཁྲིམས་འགལ་ཁེ་སང་ལེན་མཁན། གཞུང་འབྲེལ་མི་སྣའི་རྣམ་པར་བརྫུས་པའི་དྲྭ་ཐོ་ཁག་གཙང་དག་བྱེད་པའི་ལས་འགུལ་ཞིག་སྤེལ་ནས་ཟླ་བ་གཉིས་སོང་། དུས་ཡན་དེའི་རིང་དེར་དྲྭ་ལམ་དུ་སྤེལ་བའི་གསར་འགྱུར་ས་ཡ་༡་དང་འབུམ་༤་ནག་སུབ་བྱས་འདུག ད་དུང་དྲྭ་ཐོ་༦༧༠༠༠་ལྷག་སྒོ་བརྒྱབ་པ་དང་ཕྱི་ཟླ་༣་པའི་ཚེས་༡༠་ནས་ཕྱི་ཟླ་༥་པའི་ཚེས་༢༢་བར་དུ་དྲྭ་ལམ་དུ་སྤེལ་བའི་འཕྲིན་ཐུང་འབུམ་ཕྲག་འགའ་ཞིག་བསུབས་བྱས་འདུག་ཅེས་གནས་ཚུལ་སྤེལ། ༢༠༢༡་ནས་རྒྱ་ནག་གཞུང་གིས་དྲྭ་ལམ་ལ་ཞིབ་བཤེར་བྱ་རྒྱུ་འགོ་བཙུགས་ཏེ་གཞུང་གི་ལས་སྣེ་ཚོས་དྲྭ་ལམ་ལ་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་ཐུབ་པའི་ཐབས་སུ་འབད། རྒྱ་ནག་གཞུང་གིས་དྲྭ་དམངས་རྣམས་ཡང་ནས་ཡང་དུ་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་དེ་དག་གི་དྲྭ་ཐོ་ཁག་ལ་ཞིབ་བཤེར། རྒྱ་ནག་གི་དམག་དོན་དང་དམར་ཤོག་ཚོགས་པ་སོགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་སྤེལ་ན་འཕྲལ་དུ་དྲྭ་སྒོ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ནས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དྲྭ་ཐོ་༦༧༠༠༠་གཏན་དུ་སྒོ་བརྒྱབ་པ་དང་གསར་འགྱུར་རྫུན་མ་༨༠༠༠་ལྷག་སྤེལ་ཡོད་པའི་མང་ཆེ་བ་ནག་བསུབས། དྲྭ་ཐོ་༩༣༠༠༠༠་ཡས་མས་ཤིག་ལ་ཉེས་ཆད་བཅད། རྒྱ་ནག་གི་དམར་དམག་བཀོད་འདོམ་པ་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་དཔུང་སྡེ། རྒྱ་ནག་གི་འཕུར་མདེལ་འཐབ་ཇུས་དཔུང་སྡེ་ཞེས་པ་སོགས་དམག་དཔུང་གི་མིང་ཐོག་ཏུ་དྲྭ་ཐོ་རྫུན་མ་༡༣༠༠༠་སྒོ་ཕྱེ་ཡོད་པ་རྣམས་སྒོ་བརྒྱབ། རྒྱ་ནག་གི་སྤྱི་ཚོགས་སུ་སྲིད་གཞུང་གིས་གཉེར་འཛིན་བྱེད་པའི་ནད་རིགས་སྔོན་འགོག་ཁང་དང་སྤྱི་དམངས་སྒྲིག་འཛུགས་ཁག་གི་རྣམ་པར་བརྫུས་ནས་དྲྭ་ཐོ་༢༥༠༠༠་ལྷག་སྒོ་ཕྱེ་ཡོད་པ་རྣམས་བཀག དྲྭ་ཐོ་༡༨༧༠༠༠་ཐམ་པས་གསར་འགྱུར་ལས་ཁུངས་ཁག་གི་རྣམ་པར་བརྫུས་ནས་དྲྭ་ཐོ་སྒོ་ཕྱེ་ཡོད་པས་དེ་དག་ལ་ཉེས་བཅད། དྲྭ་ཐོ་༤༣༠༠༠༠་ལྷག་ལ་མཁོ་ངེས་ཀྱི་ཆ་རྐྱེན་མེད་པར་སློབ་ཤེས་སློབ་གསོའི་ཆེད་ལས་པའི་སྲི་ཞུ་བསྒྲུབས། རྒྱ་ནག་གཞུང་གིས་དྲྭ་དམངས་ཚོར་ཁྲིམས་འགལ་གྱི་དྲྭ་ཐོ་ཁག་ཐེར་འདོན་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པའི་གནས་ཚུལ་ཐོན།།

ད་ལོའི་ཕྱི་ཟླ་དང་པོའི་ཚེས་༧་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་མི་༡༠༠༠་ལྷག་གི་སྤྱི་ཚོགས་དྲྭ་ལམ་གྱི་དྲྭ་ཐོ་ཁག་སྒོ་བརྒྱབ། རྒྱ་གཞུང་གིས་སྒོ་བརྒྱབ་པའི་དྲྭ་དམངས་ཁག་ཅིག་ལ་དྲྭ་ལམ་དུ་རྗེས་འབྲང་བ་ས་ཡ་འགའ་རེ་འདུས། རྒྱ་ནག་གི་སྐད་འཕྲིན་དང་ཝི་པོ། ཏུག་དབྱིན་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཞིས་ཅིན་ཕིང་གིས་ལོ་གསུམ་ལ་སྒོ་རྒྱ་བསྡམས་པའི་ནད་འགོག་སྲིད་ཇུས་ཤིག་ལག་ལེན་བསྟར་པར་ཁ་རྡུང་དྲག་པོ་བཏང་ནས་མཆན་བཀོད། ན་ནིང་ལོ་མཇུག་དེར་རྒྱ་ནག་གི་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་རྒན་རྒོན་གཙོས་མི་འབུམ་ཕྲག་མང་པོར་ཏོག་དབྱིབས་ནད་དུག་འགོས་ནས་ཤི། རྒྱ་ནག་གི་དྲྭ་དམངས་ཚོས་ཞིས་ཅིན་ཕིང་གིས་ནད་འགོག་གི་སྲིད་ཇུས་དམ་པོ་བྱས་ན་དམ་ཚོད་མི་འདུག ཁོ་པས་ནད་འགོག་གི་སྲིད་ཇུས་ལྷོད་ན་ལྷོད་ཚོད་མི་འདུག རྒྱ་ནག་གཞུང་གིས་བསམ་བཞིན་རྒན་རྒོན་དང་ནད་པ་ཚོར་ནད་དུག་འགོ་རུ་བཅུག་སྟེ་ལྔ་ལམ་དུ་རྫོང་གི་ཡོད་པ་རེད་ཅེས་སྐྱོན་འཛུགས་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG