ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༧

རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཚོར་ཞིབ་འཇུག་བྱེད་ཀྱི་ཡོད་སྐད། 


༄༅།། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཞིབ་འཇུག་ཁང་གིས་མི་དམངས་བཅིངས་འགྲོལ་དམག་གི་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ལས་ཐོག་གཉིས་དང་བཀོད་འདོམས་པ་ཟུར་པ་ཞིག་བཅས་མི་༣་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༨་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ལས་ཐོག་ལི་ཡུའི་ཁྲའོ་དང་བཀོད་འདོམས་པ་གཞོན་པ་ཀྲང་ཀྲེན་ཀྲུང་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ཟུར་པ་ལིའུ་ཀྭན་པིན་གསུམ་གྱིས་ལྐོག་ཟ་བྱས་པའི་དོགས་གཞིའི་འོག་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་འབྱུང་ཁུངས་གཉིས་ཀྱིས་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པར་དབུས་དམག་དོན་ལྷན་ཁང་གི་ལྐོང་ཟ་རུལ་སུངས་ཞིབ་འཇུག་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཁང་། དབུས་དམག་དོན་ཁང་གི་རྩིས་ཞིབ་ལས་ཁུངས་བཅས་ཀྱིས་རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ལས་ཐོག་དང་ལས་ཟུར་ཚོར་ཞིབ་འཇུག་བྱེད་ཀྱི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

རྒྱ་ནག་གཞུང་གིས་ལི་ཡུའི་ཁྲའོ་དང་ཀྲང་ཀྲེན་ཀྲུང་། ལིའུ་ཀྭན་པིན་༣་ལ་ཞིབ་འཇུག་བྱེད་ཡོད་ཅེས་ཕྱིར་བསྒྲགས་མ་བྱས་ཀྱང་འབྲེལ་ཡོད་དམག་དཔོན་༣་འདྲི་གཅོད་བྱེད་དུ་ཁྲིད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ༢༠༡༥་ལོར་རྒྱ་ནག་གི་དམག་དཔུང་ལ་བཅོས་སྒྲིག་ཆེན་པོ་ཞིག་བྱས་ནས་འཕུར་མདེལ་དཔུང་སྡེ་ལོགས་སུ་བཙུགས། ལི་ཡུའི་ཁྲའོ་ནི་འདས་པའི་ལོ་༨་ཀྱི་ནང་དུ་རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་ལ་ཐོགས་པ་ཨང་གསུམ་པ་དེ་ཡིན་ཞིང་། ན་ནིང་ཕྱི་ཟླ་༡༠་པའི་ནང་ལི་ཡུའི་ཁྲའོ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་འཐུས་མི་༢༠༥་ཡོད་པ་དེ་དག་གི་གྲས་སུ་བདམས། ༢༠༠༩་ལོར་རྒྱ་ནག་གི་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་༦༠་འཁོར་བའི་དུས་སྐབས་དང་༢༠༡༥་ལོར་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་རྒྱ་ནག་ལ་རྒྱལ་ཁ་ཐོབ་ནས་ལོ་༧༠་འཁོར་བའི་དུས་དྲན་སྐབས་སུ་ལི་ཡུའི་ཁྲའོ་ཡིས་དམག་དཔུང་རུ་སྒྲིག་གི་ལས་འགན་ཆེན་པོ་ཞིག་བསྒྲུབས།།

གསར་འགྱུར་འབྱུང་ཁུངས་གཅིག་གིས་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པར་ལོ་འདིའི་ཕྱི་ཟླ་༣་ནང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧེ་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་སོང་། འཕུར་མདེལ་དཔུང་སྡེའི་མཐོ་རིམ་དམག་སྤྱི་ཚོ་གོ་གནས་མ་འཕར་གོང་དུ་གདེང་འཇོག་ཆེན་པོ་ཡོད་པའི་མི་ཤ་སྟག་རེད། ཁོ་ཚོ་པེ་ཅིང་ལ་བསླེབས་པའི་རྗེས་སུ་རུལ་སུངས་སུ་གྱུར་ནས་རྒྱལ་སྲུང་ལ་འབྲེལ་བ་ཡོད་པའི་ཚོང་ལས་ཁག་ལ་འབྲེལ་བ་ཆགས་པ་རེད་ཅེས་བཀྲལ། ཝེ་ཧྥེང་ཧེ་རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ཨང་དང་པོ་ཡིན་པ་དང་༢༠༡༨་ལོར་རྒྱལ་སྲུང་བློན་ཆེན་ལ་བསྐོས། མི་ཚོས་ཝེ་ཧྥེང་ཧེ་སྲིད་འཛིན་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་གནད་འགག་ཅན་ཞིག་ཏུ་བརྩིས། སྔ་ལོ་ཞིས་ཅིན་ཕིང་གིས་ལས་དུས་གསུམ་པའི་སྲིད་དབང་བཟུང་སྟེ་གཞན་གྱི་རྒོལ་སྟོབས་འཇོམས་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གི་སྐད་ཆ་དེ་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་དང་མང་དུ་གཏོང་རྒྱུའི་གོ་དོན་རེད་ཅེས་གོ་བ་བླངས།།

རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་བཟོས་ནས་ལོ་༦༠་ཕྱིན་པའི་རྗེས་སུ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཡར་རྒྱས་དང་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་རྡུལ་ཕྲན་འབར་མདེལ་འཕེན་ཐུབ་པ་ཞིག་ཏུ་བསྒྱུར། པེ་ཅིང་དུ་གནས་འཁོད་རྒྱལ་སྲུང་ཉམས་ཞིབ་པ་ལི་ཅཱེས་བཤད་པ་ལྟར་ན། རྒྱ་ནག་གི་འཕུར་མདེལ་དཔུང་སྡེ་ཧ་ཅང་གི་གནད་འགག་ཆེན་པོ་རེད། རྒྱ་ནག་གི་འཕུར་མདེལ་དཔུང་སྡེས་རྡུལ་ཕྲན་འཕུར་མདེལ་དང་འཕུར་མདེལ་འཛུགས་ས་ཁག་ལ་སྲུང་སྐྱོབ་བྱ་དགོས་ཤིང་། རྒྱ་ནག་གི་དམག་ལ་མཁོ་བའི་ས་གནས་ཁག་ཏུ་རྡུལ་ཕྲན་འཕུར་མདེལ་རྣམས་སྐྱེལ་འདྲེན་བྱ་དགོས། རྒྱལ་ཁབ་གཞན་གྱིས་རྒྱ་ནག་ལ་ཚུར་རྒོལ་བྱེད་པའི་རྒོལ་སྟོབས་འཇོམས་དགོས་པར་མ་ཟད། རྒྱ་ནག་གི་འཕུར་མདེལ་དཔུང་སྡེར་ཐེ་ཝན་ལ་གནོན་ཤུགས་སྤྲོད་པའི་ལས་འགན་ཡང་ཡོད་པ་རེད་ཅེས་བསྟན། ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ཚེ། འཕུར་མདེལ་དཔུང་སྡེས་སྔོན་ལ་གཏོར་རྒོལ་བྱས་ནས་མི་དམངས་བཅིངས་འགྲོལ་དམག་གི་གནམ་མཚོ་གཉིས་ཀྱི་དམག་དཔུང་ཐེ་ཝན་མཚོ་འགག་ཏུ་འབབ་ཐུབ་པའི་ལམ་ཁ་གཏོད་དགོས་པའི་ལས་འགན་ཡོད་པ་རེད་ཟེར།།

མཱི་ཌིལ་བྷ་རི་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཌེ་ཀར་ཨེ་ཝེ་ལེ་ཐེས་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་དུ་རྒྱ་ནག་གིས་ཐེ་ཝན་དམིགས་འབེན་དུ་བཟུང་ནས་དེང་རབས་ཅན་གྱི་འཕུར་མདེལ་བཙུགས། ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་ཡུལ་ཁག་གི་གྲས་སུ་དམག་དཔུང་གཙོ་བོ་ཞིག་ཏུ་གྱུར། ༢༠༡༣་ནས་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་མགོ་བརྩམས་ནས་རིམ་པ་ཁག་གི་འགོ་ཁྲིད་སྟོང་ཕྲག་མང་པོ་ཁྲིམས་ལ་སྦྱར། ད་ལྟའི་བར་དུ་རྒྱ་ནག་གི་མཐོ་རིམ་དམག་སྤྱི་༡༠༠་ལྷག་ཁྲིམས་ལ་སྦྱར་བ་དེ་དག་གི་གྲས་སུ་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་གོ་པོ་ཤུང་དང་ཤུའི་ཚེ་ཧུག་གཉིས་འདུས། གོ་པོ་ཤུང་ལ་༢༠༡༦་ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཤུའི་ཚེ་ཧུག་ལ་༢༠༡༥་ལོར་ཁྲིམས་བཤེར་བྱས་པའི་སྐབས་སུ་སྐྲན་ནད་ཀྱིས་ཤི། ད་ལོ་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་ལོ་བཅུ་ཕྲག་གཉིས་པ་དེ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༧་ཉིན་ཨེ་ཤི་ཡའི་སེན་ཊི་ནེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་()་གློ་བར་དུ་གར་སོང་ཆ་མེད་དུ་གྱུར་ཏེ་ཟླ་བ་གཅིག་གི་རྗེས་སུ་གོ་གནས་ཕབ། དེ་བཞིན་རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ཚོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་རྣམས་འབྲེལ་བ་ཡོད་སྲིད་པའི་རྣམ་པ་ཞིག་མངོན། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཕྱི་སྲིད་བློན་ཆེན་ཆིན་ཀང་དང་ཧོང་ཀོང་གི་གསར་འགོད་པ་ཧྥུ་ཞའོ་ཐེན་(Fu Xiaotain)་གཉིས་འགབ་མཐུན་བྱུང་སྟེ་ཕྲུ་གུ་ཞིག་སྐྱེས། ཧྥུ་ཞའོ་ཐེན་རྒྱ་ནག་དང་དབྱིན་ཇི་གཉིས་ཀའི་གསང་ཉུལ་རེད་ཅེས་དཀྲོག་གཏམ་སྒྲོགས་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་སྐད་ཆ་དེ་ཚོ་བདེན་པ་མ་རེད་ཅེས་མ་བཀག ལོ་༤༠་ཐམ་པར་སོན་པའི་ཧྥུ་ཞའོ་ཐེན་དངོས་འབྲེལ་དབྱིན་ཇིའི་གསང་བའི་ལས་ཁུངས་དང་རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ཚོར་འབྲེལ་བ་ཡོད་མེད་བཤད་དཀའ། ཉམས་ཞིབ་པ་ཚོས་ཧྥུ་ཞའོ་ཐེན་གྱིས་རྒྱ་ནག་གི་འཕུར་མདེལ་གྱི་སྟོབས་ཤུགས་དང་འཕུར་མདེལ་མང་ཉུང་། ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ན་རྒྱ་ནག་གི་འཕུར་མདེལ་དཔུང་སྡེས་གཏོར་རྒོལ་ཇི་ལྟར་བྱ་འཆར་ཡོད་མེད་རྣམས་དབྱིན་ཇིའི་གསང་བའི་ལས་ཁུངས་ལ་བཤད་ཡོད་སྲིད་པའི་དོགས་སློང་གི་གནས་ཚུལ་སྤེལ།།

ཕྱི་ཟླ་༧་པའི་ཚེས་༡༥་ཉིན་ཧོང་ཀོང་གི་མཱིང་པའོ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པའམ། ཡང་ན་ཁོ་ཚོས་དམག་དོན་གྱི་གསང་བའི་གནས་ཚུལ་ཕྱི་ལ་སྤྲད་པའི་ཉེས་འཛུགས་ཕོག་འདུག ཕྱི་ཟླ་༧་པའི་ཚེས་༥་ཉིན་རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་གིས་རྒྱལ་ཡོངས་མེ་གསོད་དང་ཉེན་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་གཞོན་པ་ཀྲང་ཧྥུ་ཧྲེང་ལྐོག་ཟ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༦་པའི་ཚེས་༢༩་ཉིན་རྒྱ་ནག་གི་ལྡིང་དཔོན་ཟུར་པ་ཡའོ་ཁྲེང་གིས་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ལས་ཐོག་ལི་ཡུའི་ཁྲའོ་ཁ་སང་ཞོགས་པར་ལས་ཁུངས་ནས་ཁྲིད་འདུག ལི་ཡུའི་ཁྲའོ་ཡི་བུས་ཨ་རིར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ཁོ་པས་རྒྱ་ནག་གི་དམག་དོན་གསང་བའི་གནས་ཚུལ་ཨ་རིར་མཁོ་སྤྲོད་བྱས་ཡོད་སྲིད་པའི་ཉེན་ཁ་ཡོད་པ་རེད་ཅེས་སྔ་རྗེས་སུ་འཕྲིན་ཐུང་གཉིས་སྤེལ། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་པ་ཟུར་པ་ཝུ་གོ་ཧྭས་རང་ཁྱིམ་དུ་རང་སྲོག་བཅད་འདུག་ཅེས་གནས་ཚུལ་ཐོན།།

ཕྱི་ཟླ་༧་པའི་ཚེས་༣་ཉིན་མཱི་ཌིལ་བྷ་རི་རྒྱལ་སྤྱིའི་ཞིབ་འཇུག་ཁང་གིས་སྙན་ཐོ་བཏོན་པ་ལྟར་ན། ལོ་བཅུའི་ཡར་སྔོན་དུ་རྒྱ་ནག་ལ་ཨ་མི་རི་ཀར་སྙོབ་པའི་གླིང་བརྒལ་འབེན་ཕོག་འཕུར་མདེལ་༥༠་ཡས་མས་ཤིག་ལས་མེད་ཀྱང་ཞིས་ཅིན་ཕིང་གིས་འཕུར་མདེལ་དཔུང་སྡེ་མི་དམངས་བཅིངས་འགྲོལ་དམག་གི་ཡན་ལག་ཆ་ཚང་བ་ཞིག་ཏུ་བསྒྱུར། རྒྱ་ནག་གིས་འཕུར་མདེལ་འགྲེམ་འཇོག་བྱ་རྒྱུ་མང་དུ་བཏང་སྟེ་༢༠༢༨་གྱི་མཚམས་སུ་འཕུར་མདེལ་༡༠༠༠་ལྷག་འཛུགས་ཐུབ་ས་རེད། འཕུར་མདེལ་གྱི་འཕྲུལ་རིག་དང་འགྲེམ་འཇོག་བྱེད་སྟངས་བཅས་ཀྱིས་རྒྱ་ནག་གི་དཔུང་སྟོབས་ཀྱི་ཁ་ཕྱོགས་གང་དུ་གཏད་ཡོད་མེད་ཚོད་དཔག་བྱེད་ཐུབ། རྒྱ་ནག་གི་དམག་ལ་སྟོབས་ཤུགས་ཡོད་ཀྱང་མ་འོངས་པར་ཨེ་ཤི་ཡའི་མངའ་ཁུལ་དུ་དམག་འཁྲུག་ཇི་ལྟར་རྒྱག་རྒྱུ་ཡིན་མིན་ཐད་རྒྱ་ནག་ལ་སྐྲག་སྣང་ཡང་འབྱུང་གི་འདུག རྒྱ་ནག་གིས་ས་ཁུལ་ངེས་ཅན་རེར་འཕུར་མདེལ་རིགས་མ་འདྲ་བ་རེ་འཛུགས་ཀྱི་ཡོད་པ་སོགས་ཀྱིས་གཏོར་རྒོལ་ཇི་ལྟར་བྱ་རྒྱུ་ཡིན་མིན་རྣམས་ང་ཚོས་ཚོད་དཔག་གང་འཚམ་ཞིག་བྱེད་ཐུབ་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG