ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

བོད་ནང་དུས་དབང་བཀག་སྡོམ་དང་ཆོས་དད་རང་དབང་ལ་རྡོག་བརྫིས།


སྤྱི་ལོ་༢༠༢༣ ལོའི་ཟླ་བ་༧ པའི་ཚེས་༡༩ རེས་གཟའ་ལྷག་པའི་ཉིན། བོད་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་གསེར་གཞུང་རིང་མོའམ། དེང་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་ཆ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་ཚོ་ས་སྨད་གཞི་སྡེ་བར། ཨ་ཐིས་དགོན་པའི་དགོན་བདག་༧སྐྱབས་རྗེ་བླ་མ་ཨ་ཐིས་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་ནས་དུས་འཁོར་དབང་ཆེན་གནང་རྒྱུར། རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་ཡོང་སྟེ་བཀག་འགོག་གིས་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་ཆུ་བླུགས་ཏེ་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག།

ཀུན་བཟང་བསྟན་འཛིན། ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ།
ཀུན་བཟང་བསྟན་འཛིན། ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ།

འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་གནས་ཚུལ་འབྱོར་གསལ་ལ། དང་ཐོག་མང་རའི་ཡུལ་དུ་༧སྐྱབས་རྗེ་བླ་མ་ཨ་ཐིས་ སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་ནས་དུས་འཁོར་དབང་ཆེན་གནང་འཐུས་རྒྱ་ནག་ས་གནས་གཞུང་འཛིན་གྱིས་ཆོག་མཆན་བཀོད་ཡོད་ཀྱང་། དུས་དབང་སྟ་གོན་གྱི་གནང་སྒོ་ཁག་དབུ་འཛུགས་མ་ཚུགས་གོང་ཙམ་ལ་ཉེན་རྟོག་དམག་མི་ཡོང་ནས་བཀག་འགོག་བྱས་ཏེ། དུས་དབང་གོ་སྒྲིག་ཞུ་མཁན་གྱི་འབྲེལ་ཡོད་མི་སྣ་འཛིན་བཟུང་བྱས་ཡོད་པ་དང་། སྤྱི་ཚོགས་དྲ་ལམ་དུ་བརྙན་པར་འགྲེལ་སྤེལ་བྱེད་མཁན་རྣམས་འབོད་འགུག་འདྲི་རྩད་བྱས་པ་སོགས་གནས་ཚུལ་ཛ་དྲག་བྱུང་འདུག་ཅིང་། རྒྱུ་མཚན་ཁ་གསལ་སུས་ཀྱང་ཤེས་རྟོགས་ཐུབ་མེད་པ་དང་། དེར་སླེབས་དྲག་ཆས་ཉེན་རྟོག་དམག་མི་རྣམས་ཀྱིས་ཀྱང་། གོང་རིམ་གྱི་བཀའ་གང་འབྱོར་ཇི་བཞིན་དུ་སྒྲུབ་པ་ཙམ་ལས། རྒྱུ་མཚན་ཅི་ཡིན་སོགས་ཤེས་ཀྱི་མེད་ཅེས་བརྗོད་འདུག།

དུས་འཁོར་དབང་ཆེན་གྱི་དབང་སྟ་གོན་ཉིན་དབང་ཞུ་བར་བཅར་མཁན་དད་ལྡན་སེར་སྐྱ་མང་ཚོགས་མི་གྲངས་སྟོང་ཕྲག་འགས་ཤས་འདུ་འཛོམས་བྱུང་ཡོད་པ་ཚང་མ་བློ་ཕམ་ངང་ཕྱིར་ལོག་བྱས་དགོས་བྱུང་འདུག་ཅིང་། དད་ལྡན་ཆོས་ཞུ་བ་རྣམས་འཚང་ཁ་ཤིག་ཤིག་གིས་ངང་ནས་བྱ་གཞུང་སྨད་གཞིའི་དཀྱིལ་འཁོར་ཐང་གི་ཕྱོགས་སུ་ཆོས་ཞུར་བཅར་བཞིན་པའི་སྐབས་དེར། ཚེས་༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠ པ་ཙམ་ཡས་མས་ཤིག་ལ། རྒྱ་གཞུང་གིས་དམག་མི་ཆེད་གཏོང་གིས་ཡོང་ནས་དུས་འཁོར་དབང་ཆེན་གསུང་རྒྱུར་བཀག་འགོག་བྱས་སོང་། དམག་མི་ཚང་མ་སླེབས་མ་ཐག་བླ་མའི་དུས་འཁོར་དབང་ཆེན་གསུང་སའི་དབུ་གུར་གྱི་མཐའ་ནས་ཡོངས་སུ་སྐོར་ཏེ། དེ་མ་ཐག་བཙན་དབང་གིས་བླ་མའི་དབུ་གུར་ཚང་མ་ཕྱིར་བསྡུ་བྱས་ཡོད་པ་དང་དུས་མཚུངས་སུ། དུས་དབང་བཀོད་སྒྲིག་པའི་ངོས་ནས་ད་རེས་དུས་འཁོར་དབང་ཆེན་གསུངས་ཐུབ་མ་སོང་། མི་མང་ཚང་མ་ཕྱིར་ལོག་བྱོས་ཤིག་ཅེས་ཁྱབ་བསྒྲགས་གནང་འདུག།

༧སྐྱབས་རྗེ་བླ་མ་ཨ་ཐིས་ སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་ནི། བོད་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་གསེར་གཞུང་རིང་མོའི་ཨ་ཐིས་དགོན་པའི་དགོན་བདག་ཡིན་ཞིང་། ཨ་ཐིས་སྐུ་ཕྲེང་ ༧ པའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་སྤྱི་ལོ་ ༡༩༩༧ ལོར་ཁྲི་འདོན་གནང་བ་དང་སྐུ་འབུམ་དགོན་པར་རྒྱུན་བཞུགས་ཐོག། སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲིས་འཁྱིལ་སོགས་ནས་ནང་པའི་གཞུང་ཆེན་དག་ལ་གསན་བསམ་སློབ་གཉེར་གནང་ཡོད་པ་རེད་འདུག། ནོར་ཝེར་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། “ཐེངས་འདིའི་གནད་དོན་དང་འབྲེལ་ནས་ཐག་རིང་ནས་ཆེད་བཅར་ཞུས་པའི་ཞིང་འབྲོག་གཉིས་ཀྱི་བོད་མི་རྣམས་ཀྱིས་གཙོས་པའི་དགུང་ལོ་བགྲེས་པོར་ཕེབས་མཁན་རྣམས་ཐུགས་ཕམ་དང་སྐྱོ་གདུང་གིས་མཆི་མས་འཁེངས་ཏེ་ཆེས་བཟོད་གླགས་མེད་པའི་ངལ་བ་ལྕི་མོའི་ཐོག་ནས་ཕྱིར་ལོག་གནང་འདུག་པར་མ་ཟད། དུས་དབང་གནང་ཡུལ་ས་ཆ་དང་གོ་སྒྲིག་སོགས་ཀྱི་ལས་དོན་ཆེད་རྒྱ་སྒོར་ས་ཡ་གཉིས་ལྷག་གི་གྱོང་གུན་ཕོག་པའི་ངལ་བ་འཕྲད་འདུག།”

པདྨ་མཚོ། བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ།
པདྨ་མཚོ། བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ།

དེ་བཞིན་ཉེ་བའི་ཆར་རྒྱ་ནག་དམར་ཤོག་གཞུང་གིས་༧དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀག་སྡོམ་བྱས་པ་ཐེངས་གཉིས་པ་དེ་ཡིན་ཞིང་། ཉེ་ལམ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་ནས་མཛོད་དགེ་རུ་༧དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུའི་ཆོག་མཆན་ཞིག་ས་གནས་ནས་ཐོབ་ཡོད་ཀྱང་། དབང་སྟ་གོན་ཚུགས་ཉེའི་མཚམས་སུ་གོང་རིམ་གྱིས་ཀན་ལྷོ་ཁུལ་ཞེས་པ་བཙུགས་ཏེ་ལོ་འཁོར་བདུན་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་སྟོན་མོར་འཁེལ་སྟབས། གཞུང་འབྲེལ་དུས་སྟོན་གྱི་སྐབས་སུ་དབང་གནང་རྒྱུ་འཚམས་མིན་རྒྱུ་མཚན་དུ་བགྲངས་ནས་ཕྱིར་འགྱངས་བྱས་དགོས་བྱུང་པའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་པ་རེད།

གཞན་ཡང་དེང་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་ཆ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ནས་གྲྭ་བཙུན་རྣམས་བོད་ཀྱི་རྒྱལ་ས་ལྷ་སར་མཆོད་མཇལ་དུ་ཐེག་དགོས་ན་ཆོག་མཆན་རིམ་པ་མང་པོ་ཞུ་དགོས་པ་དང་། མི་མང་གིས་སྐུ་རིམ་སོགས་ཆེད་རང་ཁྱིམ་དུ་དགེ་འདུན་པ་གདན་འདྲེན་སྐབས་འབུལ་བ་འབུལ་སྟངས་ལའང་རྒྱ་གཞུང་གིས་ཁྲིམས་དང་སྒྲིག་ལམ་གྱིས་གྲངས་བཅད་བཟོས་ཡོད་པའི་གནས་ཐོན་པར་། དེ་དོན་འདི་གའི་ལས་ཁུངས་ཀྱི་བལ་ཡུལ་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་འབྱོར་བའི་གནས་ཚུལ་སྐོར་བཀའ་འདྲི་ཞུས་ལན་དུ། “དེངས་སྐབས་རྒྱལ་ཁབ་ཀྱི་ཁྲིམས་གསར་བ་ཞིག་ལ་གྲ་ཆས་གྱོན་པའི་དགེ་འདུན་པ་ཞིག་ཡིན་ཚེ་བོད་ཀྱི་རྒྱལ་ས་ལྷ་སར་སོང་མི་ཆོག་པ་དང་། གལ་སྲིད་སྤྱི་སྒེར་གང་རུང་གི་དོན་དག་ཆེད་འགྲོ་དགོས་ཚེ། ངེས་པར་དུ་ཆོག་མཆན་ཡི་གེ་མ་འདྲ་བ། དཔེར་ན། ཐོག་མར་རང་གི་ས་གནས་ནས་མཆོག་མཆན་ཡི་གེ་ཞིག་དང་དགོན་པའི་ངོས་ནས་ཆོག་མཆན་ཡི་གེ་ཞིག། དེའི་རྗེས་ཡུལ་མཚོའི་སྲིད་གཞུང་ལས་ཁུངས་ནས་ཡི་གེ་ཞིག་དང་། ཡུལ་ཚོའི་ཉེན་རྟོག་ཁང་གི་ཡི་གེ་ཞིག། དེའི་རྗེས་རྒྱལ་སྲུང་རུ་ཆེན་ལས་ཁུངས་ནས་ཡི་གེ་ཞིག་དང་། ཆོས་ལུགས་དོ་དམ་ལས་ཁུངས་ནས་ཡི་གེ་ཞིག། མཐའ་མར་དེ་ཁུལ་ཆོས་ལུགས་ལས་ཁུངས་ནས་ཡི་གེ་ཞིག་བཅས་ཁྱོན་ཆོག་མཆན་ཡི་གེ་མ་འདྲ་བ་བདུན་ལེན་དགོས་གི་ཡོད་པ་རེད།

༧སྐྱབས་རྗེ་བླ་མ་ཨ་ཐིས་ སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག
༧སྐྱབས་རྗེ་བླ་མ་ཨ་ཐིས་ སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག

ཆོག་མཆན་ཡི་གེ་དེ་དག་མ་ཚང་བར་ལྷ་སར་སོང་བ་ཡིན་ན་གནམ་གྲུ་དང་མེ་འཁོར་འབབ་ཚིགས་གང་ལ་འབྱོར་ན་དེ་ག་རང་ནས་ཕྱིར་རང་གནས་སུ་ཕྱིར་ལོག་བྱེད་དགོས་པ་མ་གཏོགས་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནང་འཛུལ་ཆོག་གི་མ་རེད། ཆོག་མཆན་ཡི་གེ་སྤྲད་པ་དེ་དག་གི་ནང་དོན་གཙོ་བོ་དགེ་འདུན་པ་འདི་ས་གནས་དང་དགོན་པ་གང་གི་ཡིན་མིན་དང་། ཁོའི་ད་བར་དུ་ཁྲིམས་འགལ་ནག་ཉེས་སོགས་བཟོས་མེད་པས་ཁྲིམས་མཐུན་ངང་འགྲོ་བསྐྱོད་ཆོག་ཅེས་བ་དེ་བྲིས་འདུག།

གོང་བརྗོད་མཆོག་མཆན་ཡི་གེ་དེ་དག་བླངས་ནས་སོང་བ་ཡིན་ན་དུས་ཡུན་ཟླ་ངོ་གཅིག་གམ་ཡང་ན་བདུན་ཕྲག་གཅིག་གང་རུང་ལ་ལྷ་སར་མཆོད་མཇལ་སོགས་བྱེད་ཆོག་གི་རེད། འོན་ཀྱང་ལྷ་སར་འབྱོར་མ་ཐག་ལྷ་ས་གྲོང་ཁྱེར་ནང་ཡོད་པའི་མཚོ་སྔོན་ལས་དོན་ལས་ཁང་ནས་ཡི་གེ་ཞིག་སྟེར་གི་ཡོད་པ་དང་། ཡི་གེ་དེ་ལེན་པའི་སྐབས་སུའང་རང་གི་སྤྱི་མང་ཐོབ་ཐང་ཡི་གེ་ནས་བཟུང་གོང་བརྗོད་ཡིག་ཆ་ཚང་མ་དེ་གར་འཇོག་དགོས་པ་དང་། ཉམས་དུ་རང་གི་ཁ་པར་ཨང་གྲངས་སོགས་ཐོ་འགོད་བྱེད་དགོས་གི་ཡོད་པ་རེད། གཞི་རྩའི་ཆ་ནས་ཅིའི་ཕྱིར་བོད་རིགས་དགེ་འདུན་པ་རྣམས་སོང་མི་ཆོག་པ་དེར་རྒྱལ་ཁབ་ཀྱི་ངོས་ནས་རྒྱུ་མཚན་དང་གསལ་བཤད་ཅི་ཡང་མི་འདུག། གོང་བརྗོད་ཆོག་མཆན་ཡི་གེ་དག་མེད་པ་ཡིན་ན་སོང་མི་ཆོག་ཞེས་པ་ནི། རྒྱལ་ཁབ་ཀྱི་ཁྲིམས་རེད་ཟེར་བ་དེ་ཁོ་ན་རེད། གཞན་མི་སྐྱ་ཕོ་མོ་ཚོ་དེ་འདྲའི་མཆོག་མཆན་ཡི་གེ་མང་པོ་ལེན་དགོས་ཀྱིན་མི་འདུག། གཙོ་བོ་དགེ་འདུན་པ་ལ་དེ་འདྲ་དམ་དྲག་བཀག་འགོག་བྱས་ཡོད་པ་རེད།

སྤྱིར་ན་དེངས་སྐབས་མང་ཚོགས་ཀྱི་འཚོ་བ་འགྱུར་ལྡོག་ཆེན་པོ་ཐེབས་ཡོད་པའི་སྟབས་ཀྱིས་མདོ་སྨད་ཕྱོགས་ཀྱི་དགོན་པ་ཆེ་ཁག་དཔེར་ན་ཞིང་གི་དགོན་ཆེན་བཞི་ནས་འགོ་བཙུགས་ཏེ། ལྷ་སའི་ཇོ་ཁང་བར་རྐང་ཐང་ལ་བུད་ནས་མཆོད་མཇལ་ལ་འགྲོ་མཁན་དང་ཡང་ན་དད་ལྡན་རང་རང་གི་དགོན་པ་ནས་བཟུང་བརྐྱངས་ཕྱག་འཚལ་ནས་ལྷ་སར་མཆོད་མཇལ་དུ་འགྲོ་མཁན་ཧ་ཅང་མང་པོ་རེད། དམིག་གསལ་དགེ་འདུན་པའི་སྡེ་ལ་དེ་ལྟར་ཁྲིམས་གསར་པ་བཞག་ནས་བཀག་འགོག་བྱས་ཡོད་པས་དཀའ་ངལ་བཤད་ས་མེད་པ་ལྟ་བུ་ཞིག་རེད་ཅེས་བརྗོད་སོང་། ”ཞེས་བོད་ནས་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་གིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་བརྗོད་པའི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།

Tsolo Tent City
Tsolo Tent City

གོང་འཁོད་གནད་དོན་དེ་དག་གིས་ཅི་ཞིག་མཚོན་གྱི་ཡོད་མེད་ཐད་ནས་ཀུན་གླེང་ལས་རིམ་དུ། ལོ་མང་རིང་ལ་གསར་འགོད་ཀྱི་ལས་རིགས་གཉེར་མཁན། བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་“རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་༣༦ པའི་ནང་ལ། ཆོས་དད་ཀྱི་རང་དབང་ཡོད་པ་དང་། ཆོད་དད་བྱེད་མཁན་དང་མ་བྱེད་མཁན་སུ་འདྲ་ཞིག་ཡིན་པ་ཡིན་ན་ཡང་། དེར་མཐོང་ཆུང་བྱེད་ཆོག་གི་མེད་པ། མི་སྒེར་དང་ལས་ཁུངས། ཚོགས་པ། སུ་འདྲ་ཞིག་ཡིན་ན་ཡང་། ཆོས་བྱེད་མཁན་ཞིག་ཡིན་ན་དེར་བཀག་འགོག་བྱེད་ཆོག་གི་མེད་པ། ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་ཡོད་པ། དེ་འདྲའི་ཅིག་གི་ཡི་གེའི་ཐོག་ལ་བཀོད་བསྡད་ཡོད་བ་རེད། ཡིན་ནའང་། དོན་གྱི་ཆ་ནས་འདི་འདྲའི་གནས་ཚུལ་དེ་ཚོ་ད་ལན་གཅིག་པོ་མ་རེད། སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་ས་ཆར་དུས་ནས་དུས་སུ་དུས་འཁོར་དབང་ཆེན་ཡིན་ནའང་རེད། དེ་ག་ནང་བཞིན་གྱི་གངས་ལྗོངས་མཎི་སྨོན་ལམ་ཆེན་མོ་ཡིན་ནའང་རེད། དེ་དང་དེ་འདྲ་བའི་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ཞིག་ལ། བཀག་འགོག་བྱེད་ཀྱི་ཡོད་བ་རེད་ལ། དེ་ག་ནང་བཞིན་གྱི་ང་ཚོའི་འདས་པའི་ལོ་ངོ་གཅིག་གཉིས་ཀྱི་ནང་ལོགས་ལ་བལྟས་པ་ཡིན་ནའང་། སྤྱི་ཚོགས་དྲ་ལམ་ཁག་ནས་ཆོས་གསུང་ཆོག་པ། ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཐ་ན་པར་དང་བརྙན་ཡན་ཆོད་ཁྱོན་ནས་གཏང་ཆོག་གི་མེད་པ། དེ་ཚོར་ང་ཚོས་ལྟ་ཡོང་དུས་ཙ་ནས། ད་ལྟའི་ཆ་ལ་བོད་ནང་གི་ཆོས་དད་ཀྱི་རང་དབང་དེ་ཧ་ཅང་གིས་ཚད་དམའ་པོ་ཞིག་ལ་ཡོད་པ་དང་། དེ་ཡང་ཉི་མ་རེ་རེའི་མིའི་ཉམས་ལེན་གྱི་ནང་ལ་ཡིན་ནའང་། དམ་དྲག་བྱེད་ཡོང་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་བ་རེད་ལ། ང་ཚོས་དཔེར་ཆ་བཞག་ན། དབྱར་ཁ་དགུན་ཁའི་གུང་གསེང་དེ་འདྲ་སླེབས་ཡོད་པའི་སྐབས་ལའང་། ཐ་ན་ཕྲུ་གུ་ཚོའི་ཡིག་ཚད་བརྒྱ་ཆ་སྤྲོད་སའི་ཤོག་གུ་ཡན་ཆོད་ལ་ཡིན་ནའང་། གུང་གསེང་གི་སྐབས་ལ་མཎི་འཚོགས་སར་འགྲོ་ཆོག་གི་མེད། དགོན་པར་འགྲོ་ཆོག་གི་མེད་ཟེར་བའི་བཀའ་དེ་འདྲ་བཏང་ཡོད་པ་དང་། གལ་ཏེ་དེ་འདྲར་འགྲོ་བ་ཡིན་ན་ཕ་མའི་འགན་ཁྱེར་དགོས་ཀྱི་ཡོད་ཟེར་ཡ། དེ་འདྲའི་བཀག་སྡོམ་ཤུགས་ཆེན་པོ་ཞིག་ཡོད་པ་དང་། ཉེ་ཆར་རང་ལ་ཡིན་ནའང་། དུས་འཁོར་དབང་ཆེན་ས་གནས་གཞན་པ་ལ་ཡང་། དེ་འདྲའི་དུས་འཁོར་དབང་ཆེན་གནང་གི་རེད་གནང་གི་རེད་ཟེར་བ་ལ། གནང་མ་ཐུབ་པའི་གནས་སྟངས་ཆགས་པའི་གནས་ཚུལ་བྱུང་པ་རེད།”ཅེས་གསུངས་སོང་།

ཡང་པདྨ་མཚོ་ལགས་ཀྱིས་“དེ་བྱས་དུས་ད་དེ་ཚོའི་རིགས་དེར་ང་ཚོས་སྡོམ་ཞིག་བརྒྱབ་པ་ཡིན་ན། གང་ལྟར། རྒྱལ་སྤྱིའི་སྙན་ཐོ་དང་དེ་ཚོའི་ནང་ལ་ཡང་། བོད་ནང་གི་ཆོས་དད་རང་དབང་གིས་གནས་སྟངས་དེ། ཧ་ཅང་གི་ཛ་དྲག་པོ་ཆགས་ཤག་ཟེར་ནས་ལོ་རེ་རེའི་སྙན་ཐོའི་ནང་ལ་ཆོད་དད་རང་དབང་དེ་ཛ་དྲག་ཤོས་ཆགས་ཤག་ཅེས་དེ་འདྲའི་གནས་སྟངས་ཆགས་བསྡད་ཡོད་བ་རེད། རྒྱ་ནག་གཞུང་གིས་ཡི་གེའི་སྒང་ལ་ག་རེ་བྲིས་ཡོད་མེད་ལ་མ་བལྟོས་པར། བོད་ནང་ལ་ད་ལྟའི་ཆར་ག་འདྲ་སེ་ཆོས་ལུགས་དམ་དྲག་དང་། མི་རེ་རེའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་དེ། ང་ཚོས་ད་ལན་གྱི་གནད་དོན་འདིའི་ཐོག་ལ་ཡིན་ན་ཡང་། གསལ་པོ་གསལ་རྐྱང་ཞིག་དང་། སྔོན་མ་ལས་ལྷག་པར་ད་ལྟའི་ཆ་ལ་ཐབས་ལམ་འདྲ་མི་འདྲ་བེད་སྤྱོད་བཏང་ནས་བཀག་འགོག་བྱེད་ཀྱི་ཡོད་པ་དེ་གསལ་པོ་གསལ་རྐྱང་རེད་ལ། འདི་འདྲའི་གནད་དོན་གྱི་ཐོག་ནས་ཕྱི་གསལ་ནང་གསལ་ཞིག་ཆགས་ཡོད་པ་རེད་བསམ་གྱི་འདུག། ”ཅེས་གསུངས་སོང་།

འབྲེལ་ཡོད།

XS
SM
MD
LG