ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ན་ཁེ་གྱོང་ཅི་ཡོད།


༄༅།། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོའི་སྔ་ཉིན་དེར་ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་ཀྱིས་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་ཚད་བཀག་མེད་ཅེས་སྤྱི་བསྒྲགས་ཤིག་སྤེལ་ནས་ཁ་ཤོམ་ཆེན་པོ་འཐེན། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུགས་བསླངས། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཚབས་ཆེན་བྱུང་སྟེ་ཕུ་ཊིན་གྱིས་འཕྲལ་དུ་རྒྱ་ནག་ལ་དཔལ་འབྱོར་དང་མཚོན་ཆ། དམག་གི་བཟའ་ཆས་སོགས་རོགས་རམ་སྤྲོད་དགོས་པའི་འབོད་སྐུལ་ཞུས། ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། སྲིད་འཛིན་བྷ་ཌན་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ། དམག་དོན་ཡོ་བྱད་སོགས་རོགས་རམ་སྤྲད་ཚེ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་ཐ་ཚིག་ནན་པོ་བསྒྲགས། ཕྱི་ཟླ་༤་པའི་གཟའ་འཁོར་དང་པོའི་ཨ་རིའི་དུས་བབ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་དེར་ལངས་ཕྱོགས་གང་འདྲ་ཞིག་འཛིན་དགོས་མིན་ཐག་མ་ཆོད་པར་དཀའ་ངལ་གྱི་གནས་སུ་གྱར། ཐོག་མར་རྒྱ་ནག་གི་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་བཟུང་། ཅི་ཡང་མི་སྒྲུབ་པའི་ལངས་ཕྱོགས་བཟུང་ན་ཉེས་ཆད་གཅོད་མི་ཐུབ་སྙམ་པའི་བསམ་བློ་བཏང་རུང་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་མི་གསོད་ཁྲག་སྦྱོར་དང་གཏོར་བཅོམ། ཞི་བའི་མི་མང་སྡེབ་གསོད་འབྱུང་གི་ཡོད་པ་སོགས་ཀྱིས་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་ལངས་ཕྱོགས་གསལ་པོ་ཞིག་མ་བསྟན་ཀ་མེད་དུ་འགྱུར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

དུས་བབ་དུས་དེབ་ཀྱི་གསར་འགོད་པས་རྒྱ་ནག་གི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་བདེ་འཇགས་དང་འཐབ་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དམག་སྤྱི་ཟུར་པ་ཀྲུའུ་པོ་ལ་བཅར་འདྲི་ཞུས་པ་ལྟར་ན། ཁོང་གིས་རྒྱ་ནག་ནི་ལོ་བཅུའི་ནང་ཚུད་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་དང་པོ་དེར་འགྱུར་རྒྱུ་རེད། རྒྱ་ནག་ལ་མཚོན་ན་འབྲེལ་བ་སྙོམས་པོ་ཞིག་འཛིན་རྒྱུ་ཤིན་ཏུ་གནད་འགག་ཆེ། གལ་སྲིད་རྒྱ་ནག་དང་ཨུ་རུ་སུ་གཉིས་དམག་དོན་མཉམ་འབྲེལ་བྱེད་ན་འཛམ་གླིང་ཡོངས་ལ་འགྱུར་བ་ཐེབས་རྒྱུ་ཉག་ཅིག་རེད། དེ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ་གང་འདྲ་ཞིག་བཙུགས་ཡོད་ཀྱང་ཐམས་ཅད་བློས་བཏང་ནས་ཨ་མི་རི་ཀའི་རྗེས་སུ་འབྲངས་ཏེ་ཨ་རིའི་ཕྱོགས་སུ་ལང་ཤས་ཆེ། འཛམ་གླིང་འདི་སྔར་བཞིན་ཤོག་ཁག་གཉིས་སུ་ཆད་ནས་གྲང་དམག་གི་དུས་སྐབས་དེར་ཕྱིར་ལོག་རྒྱག་གི་རེད། རྒྱ་ནག་གིས་སོ་སོའི་ཁེ་ཕན་ཆེད་དུ་ཕྱོགས་སྒྲིག་སྤང་རྒྱུ་གཙིགས་སུ་འཛིན་དགོས་ཞེས་བཤད་འདུག རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ། དམག་དོན་ཡོ་བྱད་སོགས་རོགས་རམ་སྤྲོད་ཀྱི་མེད་པ་ནི་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་སྟེ། ༢༠༢༡་ལོར་རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་ཨ་སྒོར་ཐེར་འབུམ་༡༤༠་ལས་མ་ཟིན། རྒྱ་ནག་ལ་ཨུ་རུ་སུ་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་མ་གཏོགས་ནང་འདྲེན་བྱེད་དགོས་པའི་དངོས་ཟོག་མང་པོ་ཞིག་མེད་པ་ལྟར་ཨུ་རུ་སུ་ལའང་རྒྱ་ནག་ནས་ནང་འདྲེན་བྱ་རྒྱུ་དེ་ཙམ་མེད། ཨུ་རུ་སུས་ཡུ་རོབ་རྒྱལ་ཁབ་ཁག་ལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་འཚོང་གི་ཡོད་པར་གཞིགས་ན་པེ་ཅིང་དང་མོ་སི་ཀོའི་ཚོང་ལས་དེ་འབོར་ཆེན་དང་མང་པོ་ཞིག་མིན་ཞིང་། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་འབྲེལ་བཅད་པ་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་ཕུ་ཊིན་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་མགོ་དེར་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོར་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་ལས་ཨ་སྒོར་ཐེར་འབུམ་༧༧༧་ཟིན། རྒྱ་ནག་ནི་ཡུ་རོབ་མཉམ་འབྲེལ་གྱི རྒྱལ་ཁབ་ཁག་གིས་དངོས་ཟོག་ནང་འདྲེན་བྱ་ཡུལ་ཨང་དང་པོར་གྱུར། ཨ་མི་རི་ཀ་དང་དབྱིན་ཇིའི་འཕྲོད་ནས་རྒྱ་ནག་ཡུ་རོབ་མཉམ་འབྲེལ་གྱི་དངོས་ཟོག་ཕྱིར་ཚོང་བྱ་ཡུལ་ཨང་གསུམ་པ་ཡིན་ཞིང་། ༢༠༢༡་ལོར་རྒྱ་ནག་གིས་ཨ་རི་དང་ཡུ་རོབ་མཉམ་འབྲེལ་གཉིས་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༤་ལྷག་གི་ཚོང་བརྒྱབ། འདི་ནི་རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་ལ་བསྡུར་ན་ཆུ་ཐིགས་ཙམ་ཞིག་མི་ཟིན། དེར་བརྟེན་རྒྱ་ནག་གིས་ནུབ་ཕྱོགས་ཀྱི་ཚོང་གྲོགས་རྒྱལ་ཁབ་ཁག་དགྲ་རུ་བཟུང་ནས་ཨུ་རུ་སུར་རྒྱབ་སྐྱོར་བྱ་རྒྱུ་སྲིད་ཐབས་བྲལ། འོན་ཀྱང་རྒྱ་ནག་ལ་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་ཧྲིལ་པོར་དབང་བསྒྱུར་བྱེད་འཇུག་འདོད་མེད་པའང་མངོན་གསལ་དོད་པོ་རེད། ཕུ་ཊིན་ལ་མཚོན་ན་རྒྱ་ནག་ཡུཀ་རེན་གྱི་དམག་འཁྲུག་ལ་ཞོར་འདྲུད་བྱ་རྒྱུ་དང་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བར་དུ་འགལ་ཟླ་སློང་རྒྱུ་དགོས་ངེས་ཤིག་ཏུ་གྱུར། རྒྱ་ནག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་བྱས་ནས་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་འཕྲད་པ་རེད། ཨུ་རུ་སུས་རང་གི་སྲུང་སྐྱོབ་དོན་དུ་ཡུཀ་རེན་ལ་དམག་རྒྱག་དགོས་བྱུང་བ་རེད་ཅེས་ཁ་ནས་རྒྱབ་སྐྱོར་བྱས་ཀྱང་དོན་དངོས་སུ་ཨུ་རུ་སུར་དཔལ་འབྱོར་དང་མཚོན་ཆ། དམག་དོན་ཡོ་བྱད་སོགས་ཀྱི་རྒྱབ་སྐྱོར་མ་བྱས་པར་རང་གི་ཚོང་ལས་དང་དཔལ་འབྱོར་གྱི་ཁེ་ཕན་འབའ་ཞིག་སྲུང་སྐྱོབ་བྱ་རྒྱུའི་སེམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༡་ཉིན་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱས་ཀྱང་ཡུཀ་རེན་གྱི་དམག་འཁྲུག་དང་ཞིན་ཅང་། བོད་དོན་སོགས་ཀྱིས་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་གྲོས་མོལ་དེ་ཡག་པོ་ཞིག་མ་བྱུང་། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ཏེ་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་པར་ཁ་རྡུང་གཏོང་དགོས་ཞེས་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་དུས་བབ་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་བའམ། ཡང་ན་ཕུ་ཊིན་བཀག་འགོག་བྱ་རྒྱུ་ཁག་པོ་རེད། ཡུཀ་རེན་བ་ས་ཡ་༤་ལྷག་བཙན་བྱོལ་དུ་འགྲོ་དགོས་བྱུང་བ་དང་ཞི་བའི་མི་མང་སྡེབ་གསོད་བྱུང་ཡང་རྒྱ་ནག་གིས་དེ་གནད་འགག་ཅིག་ཏུ་མི་བརྩི། ལྷག་པར་དུ་རྒྱ་ནག་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་མཁན་ཨུ་རུ་སུའི་སྟོབས་ཤུགས་གཅོག་མི་སྲིད། ཨུ་རུ་སུ་དང་འདྲ་བར་རྒྱ་ནག་ལའང་ཨ་མི་རི་ཀའི་སྟོབས་ཤུགས་གཅོག་འདོད་ཡོད་ཅིང་། རྒྱ་ནག་གིས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འབྲེལ་བར་འགལ་ཟླ་བསླངས་ནས་མཐུན་སྒྲིལ་ལ་གཏོར་བརླག་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་པའང་གཅིག་མཚུངས་ཡིན་ཞིང་། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་བལྟས་ནས་ཉམས་མྱོང་དང་ཁེ་ཕན་ལེན་རྒྱུ་ཅི་ཞིག་འདུག ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་པར་ནུས་པ་ཐོན་གྱི་ཡོད་མེད། གལ་ཏེ་ནུས་པ་མ་ཐོན་ན་མ་འོངས་པར་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ཏེ་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བཅད་ནས་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད་ཀྱང་རྒྱ་ནག་སྐྲག་མི་དགོས་པའི་ཁག་རྩིས་གི་ཡོད་པར་མ་ཟད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲད། ཨུ་རུ་སུ་རྦད་དེ་ཕམ་ཉེས་གཏོང་ཐུབ་ན་མ་འོངས་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དཔའ་སྟོབས་རྒྱས་ནས་ཨེ་ཤི་ཡའི་མངའ་ཁུལ་དུ་ཐེ་གཏོགས་བྱེད་སྲིད། ཨ་རིའི་རྒྱུད་སྐུལ་འོག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཐེ་ཝན་མཚོ་འགག་ལ་གཏོགས་བྱེད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༤་པའི་ཚེས་༥་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལ་བྷར་ཁ་པར་བཏང་སྟེ་ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱས་ནས་མེ་འཕེན་མཚམས་འཇོག་བྱེད་ཐུབ་པའི་རེ་བ་ཡོད། རྒྱ་ནག་གི་སྤྱི་དམངས་ཁག་ཅིག་ཡུཀ་རེན་ནས་བདེ་འཚམས་སུ་རང་ཡུལ་ལ་ཐར་ཐབས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཕྱི་སྲིད་བློན་ཆེན་ཀུ་ལེ་བྷས་ཡུཀ་རེན་གྱི་ཞི་བའི་མི་མང་བསད་པར་རྒྱ་ནག་གིས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པར་བཀའ་དྲིན་ཆེ། འཛམ་གླིང་ལ་འབྲུ་རིགས་མི་ཆད་པ་དང་ཞི་བདེ་བསྐྲུན་རྒྱུ་ནི་ཡུཀ་རྒྱ་གཉིས་ཀྱི་ཐུན་མོང་གི་མངོན་འདོད་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཐོག་མར་ཕྱི་ཟླ་༣་པའི་ཚེས་༡་ཉིན་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་འགོ་ཁྲིད་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གནོན་ཤུགས་སྤྲོད་དགོས། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་དགོས་པའི་འབོད་སྐུལ་ཞུས། ད་ལྟ་དམག་འཁྲུག་ལངས་ནས་ཟླ་བ་གཅིག་གི་གཞུག་ཏུ་ཨུ་རུ་སུ་ལ་བྱུས་ཉེས་བྱུང་སྟེ་ཡུཀ་རེན་མི་དམངས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པར་བཙན་འཛུལ་ལ་འགོག་རྒོལ། སྲིད་འཛིན་ཇཱོ་བྷ་ཌན་སོགས་ཀྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གདུགས་ནས་ཁྲིམས་ལ་སྦྱོར་དགོས་ཞེས་བསྐུལ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྷུ་ཆ་ས་གནས་ཀྱི་ཞི་བའི་མི་མང་དམར་གསོད་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ཛ་དྲག་གི་ཚོགས་འདུ་ཚོགས་པ་སོགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་ལངས་ཕྱོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་མཁས་ཤིག་མིན་པ་ངོས་ཟིན། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱང་བརྙན་ལམ་དུ་ཐུག་འཕྲད་བྱེད་སྲིད་པའི་རྟགས་མཚན་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG