ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གི་མི་འབོར་དང་དཔལ་འབྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་མེ་ཌི་སན་གྲོང་ཁྱེར་གྱི་ཝི་སི་ཀོང་སན་སློབ་གྲྭ་ཆེན་མོའི་ཚན་རིག་པ་དང་མི་འབོར་ཉམས་ཞིབ་པ་ཡུས་ཧྥུའུ་ཤན་གྱིས་ཞིབ་འཇུག་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་ནི་ནམ་ཡང་ཨ་རིའི་དཔལ་འབྱོར་ལས་བརྒལ་སྐྱོད་བྱེད་ཐབས་མི་འདུག་ཅེས་སྡོམ་ཚིག་བཀོད། ཁོང་གི་སྡོམ་ཚིག་དེས་རྒྱ་ནག་པ་ཁག་ཅིག་ལ་ཁོང་ཁྲོ་བསླངས། ཡང་མི་ཁག་ཅིག་ཡི་ཐང་ཆད་དུ་བཅུག ཉམས་ཞིབ་པ་ཡུས་ཧྥུའུ་ཤན་གྱིས་རང་གི་ཞིབ་འཇུག་ཕྱོགས་བསྡོམས་དེ་ཉིད་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཀྱི་རྒྱུ་འབྲས་ལ་གཞིགས་ནས་ཚོད་དཔག་བྱས་པ་ཞིག་ཡིན་ཞེས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱས་འདུག
ཁོང་གིས་ང་ལ་མཚོན་ན་འདས་པའི་ལོ་བཅུའི་རིང་དུ་ཨ་རི་དང་རྒྱ་ནག་གི་འབྲེལ་བར་ཞིབ་འཇུག་བྱས་པ་ཡིན། ཕྱི་ལོ་༢༠༠༧་ཡས་མས་སུ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆའི་༡༠་འཕེལ་རྒྱས་ཕྱིན་པ་རེད། སྐབས་དེར་མི་མང་པོ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་ཨ་རི་ལས་བརྒལ་སྐྱོད་བྱེད་ངེས་རེད་ཅེས་ཚོད་དཔག་བྱེད་འགོ་ཚུགས་སོང་། སྤྱི་ལོ་༢༠༡༡་ལོར་ཡོངས་གྲགས་སུ་ལོ་༢༠་ཐམ་པའི་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ཨ་རིའི་དཔལ་འབྱོར་ལས་ལྡབ་༢་འཕར་རྒྱུའི་ཚོད་དཔག་བྱེད་མཁན་བྱུང་ཡོད། ཡིན་ནའང་རྒྱ་ནག་དང་ཨ་རིའི་དཔལ་འབྱོར་འཕེལ་ཚད་ནི་རྒྱུག་རེས་འགྲན་སྡུར་ཤིག་ཡིན་པའི་དབང་དུ་བཏང་ཚེ། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཐུང་རྒྱུག་དང་ཨ་རིའི་དཔལ་འབྱོར་འཕེལ་ཚད་རིང་རྒྱུག་ལྟ་བུ་ཞིག་རེད། ཐུང་རྒྱུག་གི་མགྱོགས་ཚད་དེ་དུས་ཡུན་ཐུང་ངུའི་ནང་དུ་ཧ་ཅང་མགྱོགས་པོ་ཡོད་ཀྱང་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་མི་ཐུབ། དེ་བཞིན་རྒྱ་ནག་ལ་མཚོན་ན་མི་འབོར་གྱི་གྲུབ་ཆའི་ངོས་ནས་རྒན་རྒོན་གྱི་མི་གྲངས་མང་དུ་འགྲོ་བཞིན་འདུག ཕྱི་ལོ་༢༠༡༣་ནས་༢༠༡༤་བར་དུ་ཨ་རྒྱ་གཉིས་ཀྱི་རྒྱལ་ཁབ་སྤྱིའི་ངལ་རྩོལ་ནུས་ཤུགས་ཉམས་ཞན་ཏུ་གྱུར་ཅིང་། ཨ་རིར་མཚོན་ན་ཕྱི་ལོ་༢༠༥༠་ལོར་ཡང་ངལ་རྩོལ་ནུས་ཤུགས་ཉམས་ཞན་དུ་འགྱུར་མི་སྲིད་ཅེས་དབྱེ་ཞིབ་བྱས་འདུག

ཁོང་གིས་དམིགས་བསལ་གྱིས་ལོ་༢༠་རིང་དུ་རྒྱ་ནག་གི་མི་འབོར་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་ལས་ཁུངས་དང་མི་འབོར་ཞིབ་བཤེར་ཁང་། སློབ་གསོའི་སྡེ་ཁག་དང་སྨན་ཁང་སོགས་སུ་མི་འབོར་གྱི་གྲངས་ཀ་མང་དུ་བཏང་ནས་རྫུན་བཟོ་བྱེད་ཀྱི་ཡོད་པ་ལྟར་དཔལ་འབྱོར་གྱི་འཕེལ་ཚད་ཀྱང་སྒྲོ་འདོགས་གིས་ཚོད་དཔག་བྱེད་ཀྱི་འདུག དེ་ལ་ཆ་འཇོག་འོས་པ་ཞིག་མིན་པ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟེན་གཞི་གཙོ་བོ་ནི་མི་འབོར་ལ་ཐུག་ཡོད། མི་འབོར་མང་བའི་སྟབས་ཀྱིས་དངོས་པོའི་ཐོན་སྐྱེད་དང་ལོངས་སྤྱོད། གསར་གཏོད་བཅས་དཔལ་འབྱོར་གྱི་བྱེད་སྒོ་ཁག་འབྱུང་། ད་སྔ་རྒྱ་ནག་གི་འཕེལ་རྒྱས་འབྱུང་ས་གཙོ་བོ་ནི་མི་འབོར་ལ་བརྟེན་ཡོད་པས་ཕྱི་ལོ་༢༠༣༠་ནས་༢༠༣༥་བར་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་ཨ་རིའི་རྗེས་སུ་ལུས་རྒྱུ་མགོ་རྩོམ་ངེས་རེད་ཅེས་ཚོད་དཔག་བྱས་འདུག

གཞན་ཡང་ཉིན་ཤས་སྔོན་དུ་དབྱིན་ཇིའི་དཔལ་འབྱོར་དང་ཚོང་ལས་ཞིབ་འཇུག་ཁང་གིས་༢༠༢༨་ལོར་རྒྱ་ནག་གི་དཔལ་འབྱོར་ནུས་སྟོབས་ཨ་རི་ལས་བརྒལ་ངེས་རེད་ཅེས་ཞིབ་འཇུག་སྙན་ཐོ་བཏོན། ཉམས་ཞིབ་པ་ཡུས་ཧྥུའུ་ཤིན་གྱིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དུས་སུ་རྒྱ་ནག་གི་དཔལ་འབྱོར་ལྟོས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་འདུག ཕུགས་སུ་མྱུར་ཚད་དེ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ནི་འབྱུང་མི་སྲིད་པ་ཞིག་རེད་ཅེས་བཤད། ད་ལྟའི་རྒྱ་ནག་གི་མི་རེའི་སྤྱི་ཡོངས་ཀྱི་ཆ་མཉམ་ཐོན་སྐྱེད་རྣམས་ཨ་རིའི་མི་རེའི་སྤྱི་ཡོངས་ཀྱི་ཆ་མཉམ་ཐོན་སྐྱེད་དེའི་དྲུག་ཆའི་གཅིག་མ་གཏོགས་མི་འདུག ཉི་ཧོང་སོགས་དཔལ་འབྱོར་ཡར་ཐོན་རྒྱལ་ཁབ་དང་རྒྱ་ནག་འདྲ་བའི་རྒྱལ་ཁབ་ཁག་གི་གནས་སྟངས་ཀྱང་སྔོན་དང་བསྡུར་ན་རིམ་བཞིན་ཨ་རིའི་རྗེས་སུ་ལུས་ཀྱི་འདུག ཡུ་རོབ་དང་ཉི་ཧོང་། ཨ་རི་བཅས་ཀྱི་དཔལ་འབྱོར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི་མི་འབོར་རྒན་རྒན་མང་དྲགས་པར་ཐུག་ཡོད་ཅིང་། རྒྱ་ནག་ཀྱང་དེ་ལས་མ་འདས་པས་༡༩༩༡་ལོར་རྒྱ་ནག་གི་བྱིས་པ་སྐྱེ་ཚད་ཨ་རི་ལས་ཉུང་རུ་ཕྱིན། སྤྱི་ལོ་༢༠༠༠་ལོར་ཉི་ཧོང་དང་འཇར་མན། ཕོར་ཆུ་གྷལ་སོགས་ལས་ཀྱང་ཉུང་དུ་ཕྱིན། མི་འབོར་གྱི་གྲུབ་ཆ་རྒན་རྒོན་ཇེ་མང་དུ་འགྲོ་བཞིན་པ་ནི་གོང་གི་རྒྱལ་ཁབ་དེ་དག་ལས་སྡུག་ཀྱང་རྒྱ་ནག་སྡུག་ཏུ་ཕྱིན་འདུག རྒྱ་ནག་གི་མི་རེ་རེའི་སྤྱི་ཡོངས་ཀྱི་ཆ་མཉམ་ཡོང་འབབ་ཨ་རིའི་ཚད་གཞི་དེའི་ཕྱེད་ཀ་ལས་ཟིན་ཐུབ་ཀྱི་མ་རེད་ཅེས་དབྱེ་ཞིབ་བྱས་འདུག

XS
SM
MD
LG