ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་ནས་ཐོན་པའི་སྨན་ཁབ་རྫུན་མ་ཨ་ཧྥི་རི་ཀར་ལྐོག་ཚོང་།   


༄༅།། ཉེ་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་བཟོ་མཁན་མི་༨༠་ཐམ་པ་འཛིན་བྱས་པ་དང་སྨན་ཁབ་རྫུན་མ་༣༠༠༠་ལྷག་གཞུང་བཞེས་བཏང་བ་ཡིན། སྨན་ཁབ་རྫུན་མ་བཟོ་མཁན་དང་བཟོ་གྲྭ་རྣམས་རྩ་མེད་བཏང་སྟེ་རྒྱ་ནག་གི་ས་ཐོག་ཏུ་སྨན་ཁབ་རྫུན་མ་བཟོ་ས་མེད་པར་བཏང་བ་ཡིན་ཞེས་བསྒྲགས། བདུན་ཕྲག་འདིར་ལྷོ་ཨ་ཧྥི་ཀི་རི་ཀའི་ཉེན་རྟོག་པས་རྒྱ་ནག་པ་༣་དང་ཛམ་བྷི་ཡའི་མི་ཞིག་བཅས་མི་༤་དོས་ཁང་ཞིག་གི་ནང་དུ་འཛིན་བཟུང་བྱས་ཏེ་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་༢༤༠༠་གཞུང་བཞེས་བཏང་འདུག ཕྱི་ཟླ་༣་པའི་ཚེས་༣་ཉིན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་སྨན་ཁབ་རྫུན་མ་བཟོ་སྦྱོར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བའི་མཚམས་སུ་སྨན་ཁབ་རྫུན་མ་ཕོན་ཆེན་ཞིག་དབྱིན་ལེ་༦༠༠༠་གི་ཕ་རོལ་ཏུ་ཆགས་པའི་ལྷོ་ཨ་ཧྥི་རི་ཀར་སྐྱེལ་འདྲེན་བྱས་ཟིན་འདུག རྒྱ་ནག་གཞུང་གིས་སྨན་ཁབ་རྫུན་མ་འགོག་ཐབས་སུ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་འབྲེལ་བ་བྱས་བྱུང་། ད་ལྟ་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀའི་ཉེན་རྟོག་པ་ཚོས་གཞུང་བཞེས་བཏང་བའི་སྨན་ཁབ་རྫུན་མ་གཅིག་པུས་ཚད་ཀྱི་མེད་པ་འདྲ། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་ཤེས་རྟོགས་མ་བྱུང་བར་རྒྱ་ནག་དང་ཨ་ཧྥི་རི་ཀའི་ནག་ཚོང་ཚོགས་པ་ཁག་གིས་སྨན་ཁབ་རྫུན་མ་ས་ཡ་མང་པོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་སྨན་ཁབ་རག་གི་མེད་པའི་རྒྱལ་ཁབ་ལ་སྐྱེལ་འདྲེན་བྱས་ནས་ལྐོག་ཚོང་རྒྱག་གི་ཡོད་ཤས་ཆེ་ཞེས་བློ་འཚབ་ཀྱི་གསལ་བསྒྲགས་ཤིག་སྤེལ་འདུག

ན་ནིང་ཕྱི་ཟླ་༡༢་པའི་མགོ་སྟོད་དེར་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་ནག་ཚོང་རྒྱག་མཁན་ཚོས་སྨན་ཁབ་རྫུན་མ་བཟོས་ནས་རྒྱལ་སྤྱིའི་སྨན་ཁབ་བགོ་འགྲེམ་ཁོངས་སུ་བསྲེ་ཐབས་བྱེད་ཀྱི་འདུག རྒྱལ་ཁབ་༡༩༤་ཡོད་པའི་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་རྒྱ་ནག་ནས་ཐོན་པའི་སྨན་ཁབ་རྫུན་མ་ཁྱབ་སྲིད་པར་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་ཐེངས་དང་པོ་བཏང་། འོན་ཀྱང་ལྷོ་ཨ་ཧྥི་རི་ཀའི་དོས་ཁང་དེར་བརྩིགས་ཡོད་པའི་སྨན་ཁབ་རྫུན་མ་རྣམས་༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ནང་དུ་རྒྱ་ནག་ནས་འབྱོར་འདུག ཕྱི་ཟླ་༢་པའི་ཚེས་༡་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་དེ་རྣམས་ཚྭ་ཆུ་དང་རླངས་ཆུ་རེད། ང་ཚོས་རྒྱ་ནག་གི་སྨན་ཁབ་ཕྱིར་ཚོང་བྱ་ཡུལ་རྒྱལ་ཁབ་ཁག་ལ་དོགས་ཟོན་བྱ་དགོས་པའི་བརྡ་ཁྱབ་བཏང་ཡོད། རྒྱ་ནག་ལ་སྨན་ཁབ་རྫུན་བཟོ་བྱས་ནས་ནག་ཚོང་ཞིག་དར་གྱི་འདུག་ཅེས་བཤད། གླིང་ཆེན་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་འཆི་སྐྱོན་བྱུང་བའི་ཕྱེད་ཀ་ཙམ་ལྷོ་ཨ་ཧྥི་རི་ཀར་འབྱུང་གི་ཡོད་པས་སྨན་ཁབ་རྫུན་མའི་ནག་ཚོང་གི་གོ་སྐབས་ཆེན་པོ་ཞིག་ཡོད་ཅིང་། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་ཏོག་དབྱིབས་ནད་དུག་གི་སྔོན་འགོག་གི་སྨན་ཁབ་རྣམས་རྒྱལ་ཁབ་༤༥་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་མི་མང་༢༤༠༠༠༠༠་ལ་མ་གཏོགས་སྨན་ཁབ་རྒྱག་ཐུབ་མེད་པ་སྟེ། རྒྱ་ནག་མི་དམངས་རྣམས་རང་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་སྨན་ཁབ་ལ་ཕན་ནུས་མེད་པ་དང་ཞོར་གནོད་ཆེ་བའི་དོགས་པ་ཡོད་པ། རྒྱ་ནག་གི་འབྱོར་ལྡན་ཚོས་ཨ་རིའི་ཧྥེ་ཛར་དང་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་་བཟོས་པའི་སྨན་ཁབ་རེར་རྒྱ་སྒོར་ཁྲི་ཚོ་༡་རེ་དང་སྨན་ཁབ་ཐུན་གཉིས་ལ་རྒྱ་སྒོར་ཁྲི་ཚོ་༢་སྤྲད་ནས་རག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་ང་ཚོར་སྨན་ཁབ་རྫུན་མ་ལྐོག་ཚོང་བྱེད་ཀྱི་ཡོད་འདུག་ཅེས་སྙན་གསེང་ཞུ་མཁན་ནི་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀ་གཉིས་ཁོ་ན་མ་རེད། རྒྱལ་ཁབ་མང་དག་ཅིག་གིས་སྨན་ཁབ་རྫུན་མ་འབྱོར་གྱི་འདུག་ཅེས་སྙན་གསེང་ཞུས་སོང་། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་ཉེན་རྟོག་ལས་ཁུངས་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་ཁྱབ་ཀྱི་ཡོད་པ་འགོག་ཐབས་བྱ་དགོས། སྨན་ཁང་ཁག་དང་རྒན་གསོ་ཁང་། ཚོགས་པ་ཁག་དང་སྒྲིག་འཛུགས་སོགས་གང་འདྲ་ཞིག་ཡིན་རུང་ཡིད་གཟབ་བྱ་དགོས། ད་སྔ་འཛམ་གླིང་གི་ས་གནས་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་དྲྭ་ལམ་དུ་མངགས་ཉོ་བྱ་རྒྱུ་གཅིག་ཀྱང་མེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་གཅིག་གིས་ཀྱང་སྨན་ཁབ་རྣམས་དྲྭ་ལམ་དུ་ཉོ་ཚོང་བྱེད་ཆོག་པའི་ཆོག་མཆན་བཀོད་མེད། གལ་སྲིད་དྲྭ་ལམ་དུ་སྨན་ཁབ་འཚོང་གི་ཡོད་ན་དེ་ལ་བརྟག་དཔྱད་དང་ཚོད་ལྟ་མ་བྱས་པའི་སྨན་ཁབ་རྫུན་མ་དང་མིའི་བདེ་ཐང་ལ་གནོད་ཚབས་ཆེ་བའི་དུག་ཁབ་ཡིན་སྲིད་ཅེས་གསལ་བཀྲོལ་བྱས་འདུག ལྷོ་ཨ་ཧྥི་རི་ཀར་འབྱོར་བའི་སྨན་ཁབ་རྫུན་མ་དེ་རྣམས་རྒྱ་ནག་གི་ས་གནས་གང་དུ་བཟོས་པ་ཡིན་མིན་གསལ་ཁ་མ་ཐོན། རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཁྲིམས་འགལ་གྱི་སྨན་ཁབ་རྫུན་མ་བཟོ་སྦྱོར་བྱེད་མཁན་རྣམས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་མཉམ་འབྲེལ་དམ་ཟབ་བྱ་རྒྱུ་ཡིན་ཞེས་བཤད། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་སྨན་ཁབ་རྫུན་བཟོ་བྱེད་མཁན་གཏེ་དཔོན་ཀོང་ཞེས་པ་ཞིག་འཛིན་བཟུང་བྱས་པ་ཡིན། ཁོ་པས་སྨན་ཁབ་རྫུན་མ་༥༨༠༠༠་བཟོས་འདུག་པ་དང་ཀོང་གི་མཉམ་དུ་ཁྲིམས་འགལ་བྱེད་མཁན་མི་༧༠་ལྷག་འཛིན་བཟུང་བྱས་པ་ཡིན་ཞེས་བསྒྲགས། རྒྱ་ནག་གི་ནག་ཚོང་རྒྱག་མཁན་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་བཟོས་ནས་ཨ་སྒོར་ས་ཡ་མང་པོའི་ནག་ཚོང་རྒྱག་གི་འདུག་ཅེས་གནས་ཚུལ་སྤེལ།།

གཟའ་འཁོར་འདིར་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་སི་ཊོག་གིས་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀ་གཉིས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་གཞུང་བཞེས་གཏོང་ཐུབ་ཡོད་པ་ཤིན་ཏུ་ལེགས། ཡིན་ནའང་སྨན་ཁབ་རྫུན་མ་ལག་སོན་བྱུང་བ་ནི་རྒྱ་མཚོའི་ནང་གི་འཁྱག་རིའི་རྩེ་མོ་ཕྱི་ལ་འབུར་ཡོད་མཐོང་བ་ལྟ་བུ་ཞིག་ཡིན་སྲིད་ཅེས་བཤད། ཟླ་བ་སྔོན་མར་ཨ་མི་རི་ཀའི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མེཀ་སི་ཀོའི་ཉེན་རྟོག་པས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་ནང་འདྲེན་བྱེད་ཀྱི་ཡོད་པའི་མི་༦་འཛིན་བཟུང་བྱས་ཤིང་། མེཀ་སི་ཀོའི་ནག་ཚོང་རྒྱག་མཁན་ཚོས་སྨན་ཁབ་ཐུན་རེར་ཨ་སྒོར་༢༠༠༠་རེ་བྱས་ནས་འཚོང་འཆར་བྱས་པའི་སྐད་ཆ་ཞིག་ཁྱབ། དབྱིན་ཇིའི་དྲྭ་ལམ་བདེ་འཇགས་ལས་ཁུངས་ཀྱིས་ཨུ་རུ་སུ་དང་རྒྱ་ནག་གི་དྲྭ་ལམ་རྐུན་ཇག་གིས་ཨ་རི་དང་དབྱིན་ཇི། ཁེ་ན་ཌ་སོགས་ཀྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གི་དྲྭ་རྒྱའི་ནང་དུ་སིམ་འཛུལ་བྱས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་སྟངས་ཀྱི་ཤེས་རིག་ལག་རྩལ་རྐུ་ཐབས་བྱེད་ཀྱི་འདུག ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྨན་ཁབ་བཟོ་སྟངས་ཀྱི་ལག་རྩལ་རྣམས་རྐུ་འཁྱེར་ཐུབ་ཚེ། ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱི་གཞུང་སྒེར་གཉིས་ཀས་གཞན་གྱི་ལག་རྩལ་ལ་བརྟེན་ནས་སྨན་ཁབ་བཟོ་སྦྱོར་བྱ་སྲིད་པའི་ཉེན་ཁ་ཆེ། དེས་ན་ཨ་རི་དང་དབྱིན་ཇི། ཁེ་ན་ཌ་སོགས་ཀྱིས་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་འགྲོ་གྲོན་དང་དུས་ཚོད་ཡུན་རིང་བཏང་སྟེ་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྣམས་ཆུད་ཟོས་སུ་འགྲོ་རྒྱུ་རེད། དྲྭ་ལམ་གྱི་རྐུན་ཇག་དང་ནག་ཚོང་རྒྱག་མཁན་ཚོ་ཁ་མཐུན་བྱས་ནས་ཨ་རི་དང་དབྱིན་ཇི་སོགས་ཀྱི་སྨན་ཁབ་ངོ་མའི་མིང་རྟགས་བརྒྱབ་སྟེ་སྨན་ཁབ་རྫུན་མ་བཟོ་རྒྱུའི་ཉེན་ཀ་འདུག་ཅེས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་ཞུས་འདུག

རྒྱ་ནག་གིས་རྒྱལ་ཁབ་༤༥་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དེ་དག་གི་གྲས་སུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་ཕིན་ཡོད་པར་མ་ཟད། ཁ་སང་ཕྱི་ཚེས་༤་ཉིན་རྒྱ་ནག་གིས་ཧྥི་ལི་ཕིན་ལ་སྨན་ཁབ་༦༠༠༠༠༠་བཏང་བ་རྣམས་རྒྱལ་ཁབ་དེའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་དང་ཧྥི་ལི་ཕིན་གྱི་སྨན་ཁང་སྤྱི་ཁྱབ་འགན་འཛིན། རྒྱལ་ཁབ་དེའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཙོས་མི་མང་ལ་རྒྱག་འགོ་ཚུགས། འོན་ཀྱང་སྲིད་འཛིན་དྷུ་ཐར་ཐེ་དང་འཕྲོད་བསྟེན་དྲུང་ཆེ་སོགས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོས་རྒྱ་ནག་གི་སྨན་ཁབ་མ་བརྒྱབ། སྔ་ལོ་ཧྥི་ལི་ཕིན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྨན་ཁབ་ཉོ་རྒྱུའི་གོ་སྐབས་ཐོབ་ཀྱང་སྲིད་འཛིན་དྷུ་ཐར་ཐེས་རྒྱ་ནག་དང་ཨུ་རུ་སུ་ནས་སྨན་ཁབ་ཞལ་འདེབས་འཐོབ་རྒྱུའི་རེ་ལྟོས་འཆང་སྟེ་མངགས་ཉོ་མ་བྱས། མཐར་ཧྥི་ལིན་ཕིན་ལ་ཨུ་རུ་སུ་དང་རྒྱ་ནག་གི་སྨན་ཁབ་ཞལ་འདེབས་མ་རག དེང་སྐབས་རྒྱ་ནག་གིས་སྨན་ཁབ་གཅིག་ལ་ཨ་སྒོར་༣༨་བྱས་ནས་ཧྥི་ལི་ཕིན་ལ་འཚོང་གི་ཡོད་པ་དང་རྒྱ་ནག་གི་སྨན་ཁབ་དེ་རྣམས་ངོ་མ་ཡིན་མིན་ངེས་གཏན་མེད་པ། ཧྥི་ལི་ཕིན་གྱིས་ཨ་རི་དང་དབྱིན་ཇིའི་སྨན་ཁབ་མངགས་ཉོ་བྱ་དགོས་བསམས་ཀྱང་རག་གི་མེད་པས་སྲིད་འཛིན་དྷུ་ཐར་ཐེ་ལ་སྐྱོན་བརྗོད་དྲག་པོ་ཕོག རྒྱ་ནག་གིས་ཧྥི་ལི་ཕིན་གྱི་སྔོན་དུ་ཨིན་རྡུ་ནེ་ཞི་ཡ་དང་ཝྭི་ཏེ་ནམ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་སྨན་ཁབ་བཙོངས་ཏེ་ཧྥི་ལི་ཕིན་གཞུག་ཏུ་བཞག་པར་སྲིད་འཛིན་དྷུ་ཐར་ཐེར་ཕོག་ཐུག་ཆེན་པོ་སོང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG