ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་ཕྱི་རྒྱལ་དུ་ཁྲིམས་འགལ་གྱི་ཉེན་རྟོག་ཁང་གསར་འཛུགས། 


Report by Safeguard Defenders a human rights NGO.
Report by Safeguard Defenders a human rights NGO.

༄༅།། རྒྱ་ནག་གིས་༢༠༡༨་ནས་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིར་ཉུང་མཐའ་ཡང་ཁྲིམས་འགལ་གྱི་གསང་བའི་ཉེན་རྟོག་ཁང་གཉིས་བཙུགས། ཕྱིའི་རྒྱལ་ཁག་གི་ས་ཐོག་དུ་བཙུགས་པའི་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་དེ་དག་གི་ལས་འགན་ནི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་སུན་གཙེར་དང་རྗེས་འདེད། ཁོ་ཚོར་གནོན་ཤུགས་སྤྲད་ནས་རྒྱ་ནག་ལ་ཕྱིར་སློག་བྱ་ཐབས་ཡིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༢༦་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིར་བཙུགས་པའི་ཕྱི་ཕྱོགས་ཀྱི་སྲི་ཞུ་ཁང་ཟེར་བ་དེ་དག་གིས་ཡུལ་དེར་གནས་འཁོད་རྒྱ་ནག་གི་སྤྱི་དམངས་ཚོར་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་བསྐྱར་གསོ་བྱ་རྒྱུ་དང་དགོས་ངེས་ཀྱི་སྲི་ཞུ་ཁག་སྒྲུབ་ཀྱི་ཡོད་ཟེར། སྲིད་དོན་ལྟ་བ་མི་མཐུན་པ་ཝང་ཅིང་ཡུའི་ཞེས་པ་ཞིག་གིས་རྒྱ་གཞུང་གི་ཕྱི་ཕྱོགས་སྲི་ཞུ་ཁང་ཟེར་བ་དེ་དག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནས་འཁོད་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་འཇིགས་སྐུལ་བྱས་ནས་ཁ་འགོག་ཐབས་བྱེད་ཀྱི་འདུག་ཅེས་ཐེར་འདོན་བྱས་ཤིང་། ཁོ་པས་ནེ་དྷར་ལན་ཌིའི་གསར་འགོད་པ་ཚོར་ངས་སྤྱི་ཚོགས་དྲྭ་ལམ་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་ཡིན། དེ་ནས་ང་ལ་ཉེན་རྒྱ་གཞུང་གི་ཉེན་རྟོག་པས་རྗེས་འདེད་བྱས་བྱུང་། དེར་བརྟེན་ང་ཕ་ཡུལ་དུ་འདུག་མ་ཕོད་པར་ནེ་དྷར་ལན་ཌིར་བྲོས་བྱོལ་དུ་ཡོང་བ་ཡིན། ནེ་དྷར་ལན་ཌིར་འབྱོར་བའི་རྗེས་སུ་རོ་ཊར་ཌམ་གྲོང་ཁྱེར་དུ་ཚུགས་པའི་རྒྱ་གཞུང་གི་གསང་བའི་ཉེན་རྟོག་པས་ང་རྒྱ་ནག་ལ་ཕྱིར་ལོག་བྱས་ནས་དཀའ་ངལ་རྣམས་སེལ་ཐབས་བྱོས། ཁྱོད་ཀྱིས་རང་གི་བཟའ་མི་ཚོར་བསམ་བློ་ཐོངས་ཟེར་གྱི་འདུག་ཅེས་གསལ་བཀྲོལ་བྱས་འདུག ནེ་དྷར་ལན་ཌིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གཞུང་གི་ལས་ཁུངས་དེ་རྣམས་ཁྲིམས་འགལ་རེད། ང་ཚོས་སྐྱོན་འཛུགས་དེར་ཞིབ་འཇུག་བྱས་ནས་འོས་འཚམས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཡིན་ཞེས་བསྒྲགས། ནེ་དྷར་ལན་ཌིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ང་ཚོར་ཨམ་སི་ཊར་ཌམ་མམ། རོ་ཊར་ཌམ་གང་དུའང་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་ཡོད་པ་ཤེས་ཀྱི་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ་འདུག

ད་ལོའི་ཕྱི་ཟླ་༩་པར་སི་པེན་གྱི་འགྲོ་བ་མིའི་ཐོབ་ཐང་བརྟན་སྲུང་ཚོགས་པས་ཞིབ་འཇུག་བྱས་ནས་རྒྱ་ནག་གིས་ཡུ་རོབ་གཙོ་བོར་གྱུར་པའི་གླིང་ཆེན་ལྔའི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྲིམས་འགལ་གྱི་གསང་བའི་ཉེན་རྟོག་ཁང་འཛུགས་ཀྱི་ཡོད་པ་རྩད་གཅོད་བྱུང་ཞིང་། ཁ་སང་གཟའ་ལྷག་པའི་ཉིན་ཁེ་ན་ཌའི་རྒྱང་སྲིང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་༥༠་ལྷག་གི་ནང་དུ་རྒྱ་ནག་གིས་གསང་བའི་ལས་ཁུངས་ཚུགས། ཁེ་ན་ཌའི་ཊོ་རན་ཊོའི་མངའ་ཁུལ་གཅིག་པུར་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་གསུམ་བཙུགས་འདུག་ཅེས་འགྲོ་བ་མིའི་ཐོབ་ཐང་བརྟན་སྲུང་ཚོགས་པའི་སྙན་ཐོ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ། ཊོ་རན་ཊོའི་མངའ་ཁུལ་དུ་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་གསུམ་བཙུགས་ཡོད་པ་དེ་རྣམས་གཙོ་ཆེ་བ་རྒྱ་མི་རིགས་གནས་སྡོད་བྱ་ཡུལ་ཁག་ཏུ་བཙུགས་ཡོད་པ་དང་ཉེན་རྟོག་པ་ཚོས་རྒྱ་ནག་པ་ཁག་ཅིག་ལ་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་འདུག ཊོ་རན་ཊོའི་མངའ་ཁུལ་གྱི་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་གཅིག་མཱར་ཁམ་ས་ཁུལ་གྱི་ཚོང་ལས་ཁང་པ་ཐོག་བརྩེགས་གཅིག་ཅན་ཞིག་གི་ནང་དུ་ཡོད་ཅིང་། ཉེན་རྟོག་ལས་ཁུངས་གཞན་པ་ཞིག་སི་ཁ་བྷོ་རོ་མངའ་ཁུལ་གྱི་སྟབས་བདེའི་ཚོང་ཁང་ཞིག་གི་ནང་འདུག ད་ལྟ་ཁེ་ན་ཌའི་རྒྱལ་ཡོངས་ཉེན་རྟོག་པས་ཁྲིམས་འགལ་གྱི་སྤྱོད་པ་དེར་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས་འདུག རྒྱ་གཞུང་གི་ཉེན་རྟོག་ཁང་ཟེར་བ་དེ་རྣམས་ང་ཚོའི་སྣང་ངོར་ཤར་བའི་མི་རྣམས་ཁྲིད་འགྲོ་ས་ཡོད་པའི་ལས་ཁུངས་དེ་འདྲ་ཞིག་མིན་པར་མི་སྒེར་པ་ཁག་ཅིག་རེད། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མཐའ་གཅིག་ཏུ་རྒྱབ་འགལ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་སྙན་ཐོའི་ནང་དུ་འཁོད་པ་རྣམས་གསལ་སྟོན་བྱས་འདུག ཁེ་ན་ཌར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཧྥུ་ཅན་ཞིང་ཆེན་གྱི་ས་གནས་གཞུང་གིས་ཕྱི་སྡོད་རྒྱ་ནག་པ་ཚོར་དྲྭ་ལམ་དུ་སྲི་ཞུ་སྒྲུབ་པའི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

སི་པེན་གྱི་འགྲོ་བ་མིའི་ཐོབ་ཐང་བརྟན་སྲུང་ཚོགས་པའི་སྙན་ཐོར་འཁོད་པའི་ཊོ་རན་ཊོའི་མངའ་ཁུལ་གྱི་ཉེན་རྟོག་ཁང་གསུམ་ནི་རྒྱ་ནག་གི་ཧྥུ་ཀྲུག་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱི་ལན་ཡག་ཁེ་ན་ཌར་རྒྱ་བསྐྱེད་པའི་ཉེན་རྟོག་ལས་ཁུངས་རེད། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུས་སུ་ཕྱི་སྡོད་རྒྱ་ནག་གི་སྤྱི་དམངས་ཇི་སྙེད་ཅིག་དུས་ཐོག་ཏུ་རང་ཡུལ་ལ་ཕྱིར་ལོག་བྱས་ནས་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་བསྐྱར་གསོ་དང་རྒྱ་ནག་ལ་ཡོང་ནས་ལས་དོན་བསྒྲུབ་དགོས་པ་རྣམས་བསྒྲུབས་མ་ཐུབ་པ་ཚོར་ཞབས་འདེགས་ཞུ་རྒྱུའི་ཆེད་དུ་བཙུགས། ཡིན་ནའང་རྒྱ་གཞུང་གི་ལས་སྣེ་དེ་ཚོས་ཁྲིམས་བྱོལ་བ་རྣམས་རྒྱ་ནག་ལ་ཕྱིར་ལོག་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་དཔང་རྟགས་གསལ་པོ་འདུག་ཅེས་བཀོད། ཁེ་ན་ཌའི་ཉེན་རྟོག་པས་རང་གི་ས་ཐོག་ཏུ་འཚོ་གནས་བྱེད་བཞིན་པའི་སྐྱེ་བོ་གང་ཞིག་གི་བདེ་འཇགས་ལ་ཉེན་ཁ་བྱུང་ན་དེ་ལ་ཞིབ་འཇུག་གཟབ་ནན་བྱ་རྒྱུ་ཡིན། ཁེ་ན་ཌར་གཞིས་ཚུགས་པའི་ཚོགས་སྡེ་ཁག་དང་སྐྱེ་བོ་སྒེར་པ་ཚོར་ཕྱིའི་རྒྱལ་ཁབ་འགའ་རེས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། འདི་ནི་ཁེ་ན་ཌའི་བདག་དབང་ལ་འགལ་འཛོལ་བྱས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱེ་ཁཱེལ་ཆོང་གིས་གནས་ཚུལ་དེ་ཧ་སང་དགོས་པའི་ཁེ་ན་ཌའི་བདག་དབང་ལ་འགལ་འཛོལ་བྱས་པ་ཞིག་རེད། རྒྱ་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་ཚོ་དམིགས་འབེན་དུ་འཛིན་གྱི་ཡོད་པ་ང་ཚོས་གོ་ཐོས་བྱུང་མྱོང་། ད་ལྟ་རྒྱ་གཞུང་གི་གསང་བའི་ཉེན་རྟོག་ལས་ཁུངས་དེ་དག་པེ་ཅིང་གི་དབང་འཛིན་པ་ཚོས་ཁེ་ན་ཌར་འཚོ་གནས་བྱེད་བཞིན་པའི་རྒྱ་མི་རིགས་ཀྱི་ཚོགས་སྡེ་ཁག་ལ་གནོན་སྡོམ་བྱེད་སྤྱད་ལག་ཆ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཤིང་། ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་མེཀ་ཌོ་ནལ་ལཱི་རིར་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཆལ་སི་བྷར་ཊོན་གྱིས་རྒྱ་ནག་གི་ཉེན་རྟོག་པས་ཅིའི་ཕྱིར་ཁེ་ན་ཌའི་ས་ཐོག་ཏུ་ལས་དོན་སྒྲུབ་ཀྱི་ཡོད་པ་རེད། ང་ཚོའི་གཞུང་དང་བདེ་འཇགས་ཚན་པ་ཁག་གིས་ཅི་ཡང་མ་མཐོང་བའི་བརྟུལ་ཞུགས་འཛིན་གྱི་ཡོད་པ་རེད་དམ་ཞེས་སྐྱོན་བརྗོད་གྱི་བསམ་ཚུལ་བྲིས།།

ཁེ་ན་ཌའི་རྒྱང་སྲིང་ལས་ཁུངས་ཀྱིས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཧྲེང་ཤུའེ་དང་ཡུ་གུར་བ་རུ་ཀི་ཡེ་ཏུར་རྡུ་ཤཱི་ཟེར་བ་གཉིས་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྲེང་ཤུའེ་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་རྗེས་སུ་ཁེ་ན་ཌར་བཙན་བྱོལ་དུ་བསླེབས། ཁོ་མོར་རྟག་ཏུ་རྒྱ་གཞུང་གི་ལས་སྣེ་ཚོས་དྲྭ་ལམ་དུ་སུན་གཙེར་བྱས་པ་དང་༡༩༩༦་ལོར་པེ་ཅིང་ལ་ཨ་མར་ཐུག་ཏུ་བསྐྱོད་པའི་སྐབས་སུ་འཛིན་བཟུང་བྱས་པར་མ་ཟད། ༢༠༠༨་ལོར་ཧོང་ཀོང་ལ་བསྐྱོད་པའི་སྐབས་སུ་བཀག་ཉར་བྱས་བྱུང་། ཁོ་མོས་ངའི་རོགས་པ་ཁག་ཅིག་ཐེ་ལན་ཌི་དང་ཝི་ཏེ་ནམ། ཧོང་ཀོང་སོགས་ལ་བྲོས་ཀྱང་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའམ། ཡང་ན་བསད་པ་སོགས་བྱུང་ཡོད་པ་རེད། ང་ནི་ཁེ་ན་ཌའི་སྤྱི་དམངས་ཤིག་ཡིན་པས་རྒྱ་ནག་གིས་ལས་སླར་པོར་དེ་ལྟར་བྱེད་ཕོད་མ་སོང་། ད་ལྟ་རྒྱ་གཞུང་གི་ཉེན་རྟོག་ཁང་དེ་ང་འདུག་ས་ནས་སྤྱི་ལེ་འགའ་ཞིག་གི་མཚམས་སུ་འདུག ངས་རང་གིས་རང་ལ་ང་ཐར་རྒྱུ་ཡིན་ནམ་ཞེས་དོགས་འདྲི་བྱ་དགོས་ཀྱི་འདུག་ཅེས་བཀྲལ། ཡུ་གུར་བའི་ལས་འགུལ་བ་རུ་ཀི་ཡེ་ཏུར་རྡུ་ཤཱིས་ང་ཚོས་ཁེ་ན་ཌར་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁུངས་བཙུགས་འདུག་ཅེས་གསར་འགྱུར་དེ་ཐོས་མ་ཐག་ཏུ་ཡུ་གུར་བ་ཇི་སྙེད་ཅིག་ལ་འཇིགས་སྣང་ཡོང་གི་འདུག ང་ཚོའི་ཕ་མ་སྤུན་མཆེད་རྣམས་ཞིན་ཅང་དུ་ལུས་ཡོད། མི་ཁག་ཅིག་གིས་ཕ་ཡུལ་དུ་ལུས་པའི་བཟའ་མི་ཚོའི་ཆེད་དུ་རྒྱ་ནག་གི་གསང་བའི་ཉེན་རྟོག་པའི་ཁ་ལ་ཉན་དགོས་ཐུག་གི་འདུག ཁ་ནེ་ཌར་གནས་འཁོད་ཡུ་གུར་བ་མང་པོས་ཡོངས་གྲགས་སུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཕོད་ཀྱི་མི་འདུག དེང་སྐབས་ང་ལྟར་འཛེམ་ཟོན་མེད་པར་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙང་སེལ་བྱེད་ཀྱི་ཡོད་པ་ཐེར་འདོན་བྱེད་ཐུབ་མཁན་ཉུང་ཉུང་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༨་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནེའུ་ཡོཀ་གྲོང་ཁྱེར་གྱི་མན་ཧ་ཊོན་ས་ཁུལ་གྱི་སྨད་ཕྱོགས་སུ་ཆགས་པའི་(107 East Broadway 107th Street, William Farrington)ཞེས་པའི་ཁ་བྱང་གི་ཐོག་བརྩེགས་གསུམ་པར་ཐུག་པ་འཐུང་ས་ཞིག་ཡོད་པ་དེ་རྒྱ་གཞུང་གི་གསང་བའི་ཉེན་རྟོག་ཁང་རེད། ཉེའུ་ཡོཀ་ཁྲང་ལེ་མཐུན་ཚོགས་ཞེས་ཨ་མི་རི་ཀའི་ཁེ་གཉེར་མིན་པའི་ཚོགས་པ་ཞིག་གིས་མཐུན་ཚོགས་དེ་གཉེར་འཛིན་གྱི་ཡོད་པ་དང་ཚོགས་པ་དེ་ཨ་རིའི་ཐོ་གཞུང་ནག་པོར་ཚུད་འདུག མཐུན་ཚོགས་དེས་ལོ་གསུམ་བསྟུད་མར་དཔྱ་ཁྲལ་མ་བརྒྱབ་པར་ཁྲིམས་འགལ་བྱུང་། ༢༠༡༣་ལོར་མཐུན་ཚོགས་དེ་ནེའུ་ཡོཀ་གྲོང་ཁྱེར་དུ་གནས་འཁོད་ཧྥུ་ཅན་བ་རྣམས་འདུ་འཛོམས་བྱ་ཡུལ་ཡིན་ཞེས་ཁེ་གཉེར་མིན་པའི་མིང་ཐོག་ཏུ་ཚོགས་པ་བཙུགས། ལོ་གསུམ་གྱི་རྗེས་སུ་ཚོགས་པ་དེ་ཧྥུ་ཀྲུག་ཕྱི་ཕྱོགས་ཉེན་རྟོག་ཚན་པར་བསྒྱུར་རྒྱུའི་ཆེད་དུ་ཨ་སྒོར་ས་ཡ་༡་དང་འབུམ་༣་སྤྲད་ནས་ཉོས། ནེའུ་ཡོཀ་གྲོང་ཁྱེར་གྱི་མན་ཧ་ཊན་མངའ་ཁུལ་དུ་བཙུགས་པའི་རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་དེ་ཕྱི་སྡོད་རྒྱ་ནག་གི་སྤྱི་དམངས་ཚོར་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་བསྐྱར་གསོ་བྱེད་པར་སྲི་ཞུ་བསྒྲུབ་ཡུལ་ཡིན་ཞེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་སུ་ལས་ཁུངས་དེ་འདྲ་༡༠༠་ལྷག་བཙུགས་ཡོད་པའི་གྲས་སུ་གཏོགས། ལས་ཁུངས་དེ་ཕྱི་སྡོད་རྒྱ་ནག་པ་ཚོར་སྲི་ཞུ་བསྒྲུབ་རྒྱུ་ཁོ་ན་མིན་པར་རྒྱ་ནག་དམར་ཤོག་ཚོགས་པས་མངགས་བཀོད་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས་ལ་ལྟ་རྟོག་བྱ་རྒྱུའི་ཆེད་དུ་རེད་ཅེས་གནས་ཚུལ་སྤེལ་འདུག ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་དང་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན། ཨ་རིའི་ཁྲིམས་འཛིན་སྤྱི་ཁྱབ་པ་བཅས་ཀྱིས་ངེས་པར་དུ་ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་ཁྲིམས་འགལ་གསང་བའི་ཉེན་རྟོག་ལས་ཁུངས་བཙུགས་ཡོད་པ་དེར་ཞིབ་འཇུག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་རི་ཤི་དུས་བབ་ཚགས་པར་གྱིས་འགྲོ་བ་མིའི་ཐོབ་ཐང་བརྟན་སྲུང་ཚོགས་པའི་སྙན་ཐོ་ལུང་འདྲེན་བྱས་ནས་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༢་ལོའི་མགོ་སྟོད་དེར་རྒྱ་ནག་གི་ཧྥུ་ཀྲུག་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཉེན་རྟོག་སྲི་ཞུ་ཚན་པ་ཡུ་རོབ་རྒྱལ་ཁབ་ཨར་ལན་ཌིའི་རྒྱལ་ས་ཌབ་ལིན་གྲོང་ཁྱེར་དུ་བཙུགས་། དེ་བཞིན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་འགའ་ཞིག་དང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གཉིས་བཙུགས། སི་པེན་གྱི་རྒྱལ་ས་མེ་ཌི་རི་ཌི་དང་བྷར་སི་ལོ་ན། ཝེ་ལན་སི་ཡ་སོགས་ས་གནས་ཁག་ལྔར་རྒྱ་གཞུང་གི་གསང་བའི་ཉེན་རྟོག་ཁང་ཚུགས། རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་དེ་དག་གིས་རྒྱ་ནག་པ་འབུམ་༢་ལྷག་ལ་གནོན་ཤུགས་སྤྲད་ནས་རང་ཡུལ་དུ་ཕྱིར་རྫོང་བྱས་འདུག་ཅེས་འཁོད། ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་རྒྱལ་ཁབ་སི་ལོ་ཝ་ཀི་ཡ་དང་འཇར་མན་ཎི། གྷེ་རི་སི་དང་སུད་ཌེན། ཨོ་སི་ཊི་རི་ཡ་དང་ཡུཀ་རེན། སར་བྷི་ཡ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ནེ་ཇཱི་རི་ཡ་དང་ལི་སོ་ཐོ། ཐན་ཛ་ཎི་ཡ། ཨེ་ཤི་ཡའི་རྒྱལ་ཁབ་སོག་ཡུལ་དང་ཨུ་ཛི་བྷེ་ཀི་སི་ཐན། བྷུ་རུ་ནེ་དང་ཉི་ཧོང་། ཁེམ་བྷོ་ཌི་ཡ། བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌ་དང་ཨ་མི་རི་ཀ ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨི་ཁུའེ་དྷོར་དང་བྷར་ཛིལ། ཨར་ཆིན་ཊི་ན་དང་ཆི་ལེ་བཅས་ཁྱོན་བསྡོམས་འཛམ་གླིང་གི་རྒྱལ་ཁབ་༡༡༠་ཐམ་པའི་ནང་དུ་རྒྱ་ནག་གི་ཁྲིམས་འགལ་གསང་བའི་ཉེན་རྟོག་ཁང་བཙུགས་འདུག ཐོག་མར་རྒྱ་ནག་གི་ཧྥུ་ཅན་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས་ཚོད་ལྟའི་ཚུལ་དུ་ཕྱི་ཕྱོགས་སུ་ཉེན་རྟོག་སྲི་ཞུ་ལྟེ་གནས་༥༤་བཙུགས་པ་རེད་ཅེས་སྙན་ཐོའི་ནང་དུ་འཁོད་པའི་གནས་ཚུལ་རྣམས་་ལུང་འདྲེན་བྱས་འདུག

XS
SM
MD
LG