ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༡༡/༢༩

རྒྱ་ནག་གི་ཕྱུག་བདག་ཚོ་ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་ནས་འབྲོ་ཐབས། 


༄༅།། རྒྱ་ནག་གི་ཕྱུག་བདག་ཚོས་ཞིས་ཅིན་ཕིང་གཙོས་དབུས་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་ཚོས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པར་བསླེབས་པའི་རྒྱལ་ཁབ་དེ་ཁ་ཕྱོགས་བཟང་པོ་ཞིག་ལ་འཁྲིད་རྒྱུ་མིན་པ་ངོས་ཟིན། དེར་བརྟེན་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་ལ་འབྲོ་ཐབས་དང་དངུལ་སྒོར་རྣམས་ཕྱི་ལ་མ་རྩ་འཛུགས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་མཇུག་དེར་ཞིས་ཅིན་ཕིང་གིས་སླར་ཡང་ལོ་ལྔར་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་དབུས་དམག་དོན་གཙོ་འཛིན། རྒྱ་ནག་གི་སྲིད་འཛིན་བཅས་ཀྱི་གོ་གནས་འཛིན་རྒྱུའི་ཐག་བཅད། ད་ལྟ་མའོ་ཙེ་ཏུང་གི་རྗེས་སུ་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དབང་ཐང་ཆེ་ཤོས་སུ་གྱུར། ལོ་ན་༦༩་ལ་སོན་པའི་ཞིས་ཅིན་ཕིང་གིས་སྲིད་དབང་གཅིག་སྡུད་དང་མི་ཚེ་ཧྲིལ་པོར་རྒྱ་ནག་ལ་དབང་བསྒྱུར་བྱ་རྒྱུའི་ཉེན་ཁ་ཆེ། ཌེ་ཝི་ཌི་ལེ་སི་པེ་རན་སི་ཞེས་པ་ནི་ཡུ་རོབ་ཏུ་གནས་འཁོད་ཁྲིམས་རྩོད་པ་ཞིག་ཡིན་པ་དང་སྔོན་ཆད་ཧོང་ཀོང་དང་རྒྱ་ནག་གི་འབྱོར་ལྡན་པ་ཚོར་སྲི་ཞུ་བསྒྲུབས་མྱོང་ཡོད་པ་སྟེ། ཁོ་པས་ཞིས་ཅིན་ཕིང་གིས་ལས་དུས་གཉིས་བརྒལ་ནས་སྲིད་དབང་འཛིན་གྱི་ཡོད་པ་ནི་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཚོར་ཡག་རྟགས་ཤིག་ག་ལ་ཡིན། འདས་པའི་ལོ་མང་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཀྱང་ད་ནས་ཞིས་ཅིན་ཕིང་གིས་ཕྱུག་བདག་ཚོར་མདུན་ལམ་བཟང་པོ་ཞིག་བསྐྲུན་མི་སྲིད། ང་ལ་རྒྱ་ནག་གི་ཕྱུག་བདག་གསུམ་གྱིས་ཕྱི་རྒྱལ་ལ་འབྲོ་བའི་ཐབས་ལམ་འཚོལ་དགོས་ཞེས་མངགས་བཀོད་བྱས་བྱུང་། རྒྱ་ནག་གི་ཕྱུག་བདག་ཚོ་ནི་སྒེར་གྱི་གནམ་གྲུ་ཡོད་པ་དང་ཕྱིར་སྐྱོད་ལག་འཁྱེར་འགའ་རེ་ཡོད་པ། ཁོ་ཚོའི་དངུལ་སྒོར་རྣམས་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཏུ་བཅོལ་ཡོད་པ་ཤ་སྟག་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག སིངྒ་པུར་གྱི་ཀི་ཡ་མེང་ལོ་ཞེས་པའི་བཟོ་ཚོང་ལས་ཁང་ཞིག་གིས་རྒྱ་ནག་གི་ཕྱུག་བདག་ཚོ་ཕྱི་ལ་ཐར་ཐབས་ཀྱི་སྲི་ཞུའི་ཚོང་ལས་གཉེར། བཟོ་ཚོང་ལས་ཁང་དེ་གཅིག་པུར་རྒྱ་ནག་གི་ས་ཐོག་ཏུ་ལས་བྱེད་པ་༦༠༠༠་ལྷག་ཡོད་ཅིང་། ཁོ་ཚོའི་ལས་འགན་གཙོ་བོ་ནི་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་ལ་ཐར་ཐབས་བྱ་རྒྱུ་དེ་རེད་ཅེས་གནས་ཚུལ་ཐོན་འདུག

དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བྱུང་བའི་རྗེས་སུ་ཕྱུག་བདག་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་ཁོ་ན་མིན་ཞིང་། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་ཕྱོགས་གང་སར་དགྲ་བསགས་ཏེ་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་མཐའ་གཅིག་ཏུ་ཞིས་ཅིན་ཕིང་མི་གཅིག་གི་འདོད་པར་བསྟུན་དགོས་པས་ཕྱི་སྲིད་ཀྱང་འཇམ་པོ་དང་གཞན་ལ་བསྟུན་མཁས་ཤིག་ཏུ་འགྱུར་རྒྱུ་མིན་ར་འཕྲོད། རྒྱ་ནག་གི་སྤྱང་དམག་ཅེས་འབོད་པའི་ཕྱི་འབྲེལ་མི་སྣ་ཚོས་སྔར་བཞིན་ཚིག་རྩུབ་དང་བཙན་དྲག་གི་སྐད་ཆ་འབའ་ཞིག་བཤད་ཤས་ཆེ། དཔེར་ན་ཉེ་ཆར་དབྱིན་ཡུལ་གྱི་མན་ཆེ་སི་ཊར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་སྒོ་འགྲམ་དུ་ཧོང་ཀོང་བ་ཞིག་གིས་ཞི་བའི་ངོ་རྒོལ་བྱས་ཤིང་། རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་ཚོས་ཧོང་ཀོང་བ་དེ་དོན་གཅོད་ཁང་གི་ནང་ལོགས་སུ་དྲུད་ནས་ཉེས་རྡུང་བཏང་བ་ཇི་བཞིན་མང་དུ་འབྱུང་བར་འགྱུར། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་རང་ཉིད་གོ་གནས་འཕར་ཐབས་སུ་ཞིས་ཅིན་ཕིང་ལ་སྤྲེལ་ལད་འཁྲབ་ནས་ཅི་ཡང་བསྒྲུབ་སྲིད་ཅེས་གནས་ཚུལ་སྤེལ་འདུག དེ་རིང་གཟའ་མིག་དམར་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཨོ་གླིང་ནས་རྒུན་ཆང་དང་སྐམས་ཤ་སོགས་ནང་འདྲེན་བྱ་རྒྱུ་མཚམས་བཞག་སྟེ་དཔལ་འབྱོར་གྱི་སྟོབས་ཤུགས་བཀོལ་ནས་ཨོ་གླིང་གཞུང་ལ་རྒྱ་ནག་གི་ཆབ་སྲིད་ལྟ་བར་མོས་མཐུན་བྱེད་དུ་འཇུག་གི་ཡོད་པར་མ་ཟད། ཨོ་གླིང་གི་མཐའ་འཁོར་རྒྱལ་ཁབ་ཁག་དང་རྒྱ་ནག་གིས་མཉམ་འབྲེལ་གྲོས་མཐུན་བཞག རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ་གྱི་ཡོད་པ་ཤུགས་ཆེ་རུ་འགྲོ་རྒྱུ་དང་པེ་ཅིང་ལྟེ་དབུས་སུ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་བསྟན།།

ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་སྒོ་འབྱེད་སྐབས་སུ་ཐེ་ཝན་དང་སྐམ་ས་ཆེན་མོ་གཉིས་གཅིག་གྱུར་བྱ་དགོས་ཞེས་གཏམ་བཤད་བྱས་པར་ཚོགས་མི་༢༣༠༠་ཡས་མས་ཤིག་ཡོད་པ་རྣམས་ཡར་ལངས་ཏེ་དུས་ཡུན་རིང་པོར་ཐལ་མོ་བརྡབས་ནས་དགའ་བསུ་ཞུས། ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་གནམ་མཚོ་གཉིས་ནས་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུའི་གྲབས་བཤམས། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་ནག་གིས་རྒྱབ་སྐྱོར་དང་རྒྱ་ནག་གིས་ཀྱང་ཨུ་རུ་སུ་ལྟར་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཧམ་སེམས་བཅངས། འཇར་མན་མར་ཤཱེལ་ཐེབས་རྩ་ཁང་གིས་ཉམས་ཞིབ་པ་ལིན་ཞེས་པ་ཞིག་གིས་རྒྱ་ནག་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་ཅི་ཙམ་ཕྱིན་ཡོད་མེད་བཤད་དཀའ། ཐེ་ཝན་མཚོ་འགག་ལ་ལྟ་རྟོག་བྱེད་མཁན་རྒྱ་ནག་ཤར་ཕྱོགས་ཀྱི་དམག་ཁུལ་ཁང་གི་བཀོད་འདོམས་པ་ཟུར་པ་ཧེ་ཝེ་ཏུང་དབུས་དམག་དོན་གཙོ་འཛིན་གཞོན་པར་བསྐོ་བཞག་བྱས་པ་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་པའི་རྟགས་མཚན་རེད། མ་མཐའ་ཡང་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་གླིང་དེ་རྒྱ་ནག་གི་མངའ་ཁོངས་སུ་བསྡུ་དགོས་པའི་གྲ་སྒྲིག་བྱེད་ཀྱི་འདུག ཡིན་ནའང་ཞིས་ཅིན་ཕིང་གིས་ཁོག་རྩིས་བརྒྱབ་པ་ལྟར་ཐེ་ཝན་ལ་དབང་བསྒྱུར་བྱེད་ཐུབ་རྒྱུ་ཡིན་མིན་ནི་ཐེ་ཚོམ་རེད། ༡༩༧༩་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་འཐབ་འཁྲུག་ཅིག་ལ་ཞུགས་མྱོང་མེད་པས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་པའི་འཇོན་ཐང་ཡོད་མེད་དོགས་གནས་སུ་ཟད། ༢༠༢༤་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པས་མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད་ཅེས་བཀྲལ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བྱུང་ནས་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཆབ་སྲིད་དང་ཚོང་ལས། འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་བཅས་ཀྱི་ཐོག་ཏུ་སྔར་ལས་འཁྲུག་རྩོད་ཆེ་རུ་འགྲོ་ངེས་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཅི་ཙམ་དམ་དྲག་བྱས་པ་དང་དཔལ་འབྱོར་གྱི་སྟོབས་ཤུགས་བཀོལ་ན་དེ་ཙམ་གྱིས་ཕྱིའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས། ཟླ་བ་འདིར་ཨ་མི་རི་ཀའི་གཞུང་ནས་རྒྱ་ནག་གིས་རྒྱལ་སྤྱིའི་བདེ་འཇགས་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས། ཨ་མི་རི་ཀའི་མནའ་མཐུན་གྱི་འབྲེལ་བ་སོགས་ལ་གཏོར་བརླག་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ལོན་ཌོན་དཔལ་འབྱོར་སློབ་གྲྭ་ཆེན་མོའི་སློབ་དཔོན་ཁེ་ལཱ་ཧན་གྱིས་ཞིས་ཅིན་ཕིང་ནས་འཛམ་གླིང་གི་ལམ་ལུགས་འདི་སྦོ་ལུགས་ཟིན་པ་དང་རྒྱ་ནག་གིས་དེའི་དཀའ་ངལ་སེལ་ཐུབ། འཛམ་གླིང་ཡོངས་ལ་རྒྱ་ནག་གི་ལམ་སྲོལ་འདི་ཁྱབ་སྤེལ་གཏོང་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་ནི་གྲང་དམག་གི་དུས་སྐབས་ཀྱི་ལྟ་གྲུབ་ཅིག་རེད་ཅེས་སྨྲས། ཞིས་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་ལ་ཕྱི་དང་ནང་གི་ཉེན་ཁ་གཉིས་ཀ་འབྱུང་སྲིད་པ་འགོག་ཐབས་བྱ་དགོས། རྒྱ་ནག་གིས་ཕྱི་ནང་གཉིས་ཀྱི་ཉེན་ཁ་རྣམས་ཟློག་མ་ཐུབ་ན་ནམ་ཡང་མངའ་ཐང་བསྐྱར་དར་འབྱུང་མི་ཐུབ་ཅེས་བདེ་འཇགས་སྲུང་སྐྱོབ་ཟེར་ནས་ཐེངས་༢༦་གླེང་། མདོར་ན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་བདེ་འཇགས་གཙིགས་སུ་བཟུང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ནག་གི་ཕྱི་སྲིད་ཡར་རྒྱས་གཏོང་དགོས་པ་རྣམས་ཟུར་དུ་བཞག་ཡོད་པའི་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༠་པའི་ཚེས་༢༤་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་ལ་ཕྱི་ཚུལ་དུ་རྒྱ་ནག་གི་འགྲན་ཟླ་མེད་པའི་འགོ་ཁྲིད་དབང་ཐང་ཅན་དེར་གྱུར་ཡོད་པའི་རྣམ་པ་ཞིག་མངོན། འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་དང་ཞིས་ཅིན་ཕིང་ལ་དེའི་དཀའ་ངལ་སེལ་འདོད་མེད་པ། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཆབ་སྲིད་ཀྱི་དགོས་མཁོར་གཞིགས་ནས་ལག་ལེན་བསྟར་གྱི་ཡོད་པ་སོགས་ཀྱིས་ཞིས་ཅིན་ཕིང་ལ་དཀའ་ངལ་རིམ་པ་ཞིག་འཕྲད་རྒྱུ་ཡིན་ཞིང་། ལྷག་པར་དུ་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་ཤིག་རྒྱུན་འཁྱོངས་བྱས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་འགྲོ་རུ་འཇུག་གི་འདུག རྒྱ་ནག་གི་སློབ་ཆེན་ཐོན་པའི་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༡༩་ཟིན། འདི་ནི་མི་དམངས་ཀྱི་འཚོ་བའི་གནས་ཚད་མཐོ་རུ་འགྲོ་བཞིན་པ་དང་འབྱོར་འབྲིང་གྲལ་རིམ་པ་མང་དུ་འགྲོ་བཞིན་པའི་རྒྱ་ནག་ལ་མཚོན་ན་གཞོན་ནུ་ལས་མེད་པའི་གྲངས་འབོར་ཕོན་ཆེན་ཡོད་པ་སྤྱི་ཚོགས་ལ་ཟིང་ཆ་སློང་བའི་རྒྱུ་རུ་འགྱུར་སྲིད་ཅེས་གནས་ཚུལ་སྤེལ་འདུག དེ་བཞིན་རྒྱ་ནག་གི་རྒན་རྒོན་གྱི་མི་འབོར་ཇེ་མང་དུ་སོང་བ་དང་ཕྲུ་གུ་སྐྱེ་རྒྱུ་ཇེ་ཉུང་དུ་སོང་སྟེ་བགྲེས་གཞོན་གཉིས་ཆ་མཉམ་མེད་པར་སྤྱི་ཚོགས་ཀྱི་དཀའ་ངལ་དེ་བས་ཀྱང་ཆེ་རུ་འགྲོ་རྒྱུ་ཡིན་པ་ལྡོག་ཐབས་བྲལ། ད་ལྟའི་བར་དུ་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་འཛིན་ཐུབ་ཡོད་པ་ནི་དཔལ་འབྱོར་གོང་འཕེལ་བཏང་བའི་གྲུབ་འབྲས་ཡིན་ཞིང་། གལ་སྲིད་ཞིས་ཅིན་ཕིང་གིས་མུ་མཐུད་དུ་ཕྱི་ལ་འཁྲུག་རྩོད་སློང་བ་དང་རྒྱལ་ནང་ལ་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་གཏོང་མ་ཐུབ་པ་དང་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་འཕྲད་ཚེ། ཞིས་ཅིན་ཕིང་གི་སྲིད་དབང་མགོ་རྟིང་སློག་ནས་རྒྱ་ནག་དམར་ཤོག་ཚོགས་པ་ཐལ་བའི་རྡུལ་དུ་བརླག་སྲིད། ང་ཚོས་ཕྱི་ནས་མཐོང་བ་ལྟར་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་ཞིག་མ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG