ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཅི་ལིན་ཞིང་ཆེན་ལ་ནད་དུག་ཁྱབ་ནས་མི་ས་ཡ་༣་རང་ཁྱིམ་དུ་བཀག་པ།


༄༅།། རྒྱ་ནག་གི་བྱང་ཤར་ཕྱོགས་སུ་ཆགས་ཡོད་པའི་ཅི་ལིན་ཞིང་ཆེན་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་འབོར་༣༠༠༠༠༠༠་ལྷག་ཡོད་པའི་གྲོང་ཁྱེར་གཉིས་ལ་འགྲོ་འོང་བཀག དེ་རིང་གཟའ་ཟླ་བ་གཅིག་པུར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༩་ཐོན་སོང་ཞེས་བསྒྲགས། ཉེ་དུས་ཤིག་ནས་རྒྱ་ནག་གི་ཧི་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གཙོ་བོར་གྱུར་པའི་གྲོང་ཁྱེར་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་དང་འགྲིམ་འགྲུལ་བཀག་སྡོམ། ཚོང་ལས་དང་སློབ་གྲྭ་སོགས་སྒོ་བརྒྱབ། ཕྱི་ཟླ་དང་པོའི་ཚེས་༡༨་ནས་རྒྱ་ནག་གི་བྱང་ཤར་ས་ཁུལ་ཡོངས་ཀྱི་མི་མང་བྱེ་བ་གཉིས་མ་ཟིན་ཙམ་ཞིག་རང་ཁྱིམ་དུ་འགོག་མགོ་བརྩམས། ཅི་ལིན་ཞིང་ཆེན་གྱི་ས་གནས་ཁག་ཅིག་གིས་ཉི་མ་གསུམ་རེའི་མཚམས་སུ་མ་གཏོགས་ཁྱིམ་ཚང་རེའི་མི་རེ་ཕྱི་ལ་བཟའ་བཅའ་དང་སྨན་སོགས་ཉོ་ཆ་རྒྱག་ཏུའང་གཏོང་གི་མེད་ཅིང་། རྒྱ་ནག་གཞུང་གིས་མི་༡༠༠་ལྷག་ལ་ནད་དུག་ཇི་ལྟར་འགོས་མིན་རྩད་གཅོད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅི་ལིན་ཞིང་ཆེན་གྱི་རིམས་ནད་དེ་ཧེ་ལུང་ཅང་ཞིང་ཆེན་ནས་ཡོང་བའི་སྐོར་སྐྱོད་ཚོང་པ་ཞིག་གིས་བགོས་ཡོད་པ་རྩད་གཅོད་བྱུང་། བདུན་ཕྲག་སྔོན་མ་ནས་རྒྱ་ནག་གཞུང་གིས་ཧེ་ལུང་ཅང་ཞིང་ཆེན་ལ་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེན་པོ་འདུག་ཅེས་སྔོན་འགོག་བྱ་ཐབས་རྣམས་ལག་ལེན་བསྟར། ཅི་ལིན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་ལ་སྐོར་སྐྱོད་བྱས་པའི་ཚོང་པ་དེས་ལོ་ན་༦༠་ཡན་ཆད་ཀྱི་རྒན་རྒོན་ཚོར་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་སྤྲད་ནས་ཚོང་ལས་གཉེར་འདུག

རྒྱ་ནག་གཞུང་གིས་ཧེ་ལུང་ཅང་ཞིང་ཆེན་ནས་ཡོང་བའི་ཟབ་སྦྱོང་སྤྲོད་མཁན་དང་ཅི་ལིན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་ཀྱི་ནང་དུ་རྒན་རྒོན་ཚོ་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་ལ་བསྡུ་སྐོང་བྱེད་མཁན་ཚོས་ཁྲིམས་འགལ་གྱི་ཚོང་ལས་གཉེར་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གི་སྒེར་པ་མང་པོ་ཞིག་གིས་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་སྤྲད་ནས་ཚེ་ཐག་སྲིང་ཐབས་དང་ཟུངས་ཤུགས་འཕེལ་བའི་སྨན། བཅུད་སྨན་ཡིན་ཞེས་ཐོན་སྐྱེད་འདྲ་མིན་ཞིག་བཙོངས་ནས་རྒན་རྒོན་ཚོར་མགོ་སྐོར་གཏོང་གི་ཡོད་པའི་གནས་ཚུལ་རྣམས་རྟག་ཏུ་འབྱུང་། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལ་རྒན་རྒོན་གྱི་འཕྲོད་བསྟེན་ལྟ་སྐྱོང་ཡིན་ཞེས་མགོ་སྐོར་གཏོང་བ་དང་གཡོ་ཁྲམ་བྱེད་པ། དངུལ་སྒོར་གྱི་ཆེད་དུ་མིའི་ཚེ་སྲོག་ལ་ཉེན་ཁ་འབྱུང་དུ་འཇུག་གི་ཡོད་པ་རེད་ཅེས་ཆེད་བརྗོད་སྤེལ། བདུན་ཕྲག་སྔོན་མའི་གཟའ་མཇུག་ནས་ཧེ་ལུང་ཅང་ཞིང་ཆེན་གྱི་རྒྱལ་ས་ཧར་བྷིན་གྲོང་ཁྱེར་ལ་འགྲོ་འོང་བཀག་སྟེ་དགུན་གྱི་དུས་སུ་འཁྱག་པའི་སྐུ་བརྙན་བཞེངས་ནས་དུས་སྟོན་ཚུགས་རྒྱུ། ལོ་ལྟར་ཧར་བྷིན་ལ་ཡུལ་སྐོར་སྤྲོ་འཆམ་པ་འབུམ་ཕྲག་མང་པོ་འཁྱག་པའི་སྐུ་བརྙན་ལ་ལྟད་མོར་ཡོང་སྲོལ་ཡོད་པ་རྣམས་བཀག ཧི་པེ་ཞིང་ཆེན་གྱི་ས་གནས་འགོ་ཁྲིད་ཚོས་གྲོང་ཁྱེར་གཉིས་ཀྱི་འགྲོ་འོང་བཀག་སྡོམ་ཅུང་ཟད་ལྷོད་ཡངས་གཏོང་འཆར་ཡོད་ཀྱང་མི་གྲངས་༡༢༥༠༠༠༠༠་ལྷག་སྔར་བཞིན་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་ཆོག་གི་མེད་པར་མ་ཟད། བདུན་ཕྲག་སྔོན་མ་ནས་རྒྱ་ནག་གཞུང་གིས་ཧི་པེ་ཞིང་ཆེན་གྱི་གྲོང་གསེབ་ཅིག་གི་མི་༢༠༠༠༠་ལྷག་ཟུར་འགོག་བྱས་འདུག

ཅི་ལིན་ཞིང་ཆེན་གྱི་ནད་རིགས་སྔོན་འགོག་ཁང་གི་མཐོ་རིམ་ལས་སྣེ་ཀྲའོ་ཆིང་ལུང་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ང་ཚོའི་ཞིང་ཆེན་འདིར་ནད་དུག་བགོ་མཁན་ཞིག་བྱུང་བ་རྩད་གཅོད་ཐུབ་ནས་འགོག་ཐུབ་ཡོད། ཁོ་པར་ནད་དུག་འགོས་མ་ཐག་པ་ཡིན་པས་དྲག་སྐྱེད་འབྱུང་རྒྱུའི་རེ་བ་འདུག ཡིན་ནའང་ཁོ་པས་རྒན་རྒོན་མང་དག་ཅིག་ལ་ནད་དུག་བགོས་པ་ཚོ་དྲག་སྐྱེད་འབྱུང་རྒྱུ་ཡིན་མིན་བཤད་ཁག་པོ་རེད། མི་ཚོགས་ཤིག་ལ་ནད་དུག་འགོས་པ་དེ་དག་གིས་འཛེམ་ཟོན་དང་གཙང་སྦྲ་སོགས་མ་བྱས་པར་མི་གཞན་ལ་ནད་དུག་བགོས་ཡོད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་ས་གནས་གང་ཞིག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཡོད་པ་ཤེས་རྟགས་བྱུང་ཚེ། ས་གནས་དེའི་ཡུལ་མི་རྣམས་རང་ཁྱིམ་དུ་བཀག་ནས་ཕྱི་ལ་འབུད་མི་ཆོག་པའི་དམ་དྲག དེ་ནས་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད། ནད་དུག་འགོས་ཡོད་པའི་མི་རྣམས་སྐྱེ་བོ་གཞན་པ་སུ་སུ་ལ་འབྲེལ་ཐུག་བྱུང་ཡོད་མེད་རྩད་གཅོད། སྲིད་གཞུང་གིས་འགྲིམ་འགྲུལ་བཀག་པ་དང་ཚོང་ལས་སོགས་སྒོ་བརྒྱབ་ནས་ནད་ཡམས་སྔོན་འགོག་གི་བཙན་ཁྲིམས་ཅི་ཞིག་ལག་ལེན་བསྟར་ཀྱང་རྒྱ་ནག་གི་མི་དམངས་ཀྱིས་དེ་ལ་ངོ་རྒོལ་བྱེད་ཕོད་ཀྱི་མེད་པ་བཅས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ནན་པོ་ཞིག་བྱེད་ཐུབ་ཀྱི་ཡོད་པ་རེད།།

རྒྱ་ནག་གི་ཅི་ལིན་ཞིང་ཆེན་གྱི་འཕྲོད་བསྟེན་ལས་སྣེ་ཚོས་ཞིན་ཧྭ་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཧེ་ལུང་ཅང་ཞིང་ཆེན་གྱི་ཚོང་པ་དེར་བདུན་ཕྲག་སྔོན་མའི་གཟའ་མིག་དམར་ནས་ནད་རྟགས་ཐོན། ཁ་སང་གཟའ་ཉི་མར་མི་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དངོས་སུ་གཏན་ཁེལ་བྱུང་ནས་སྨན་བཅོས་བྱ་རྒྱུ་འགོ་ཚུགས་ཡོད། ཁོ་པར་ནད་རྟགས་མ་ཐོན་སྔོན་དེར་མེ་འཁོར་ནང་དུ་འགྲིམ་འགྲུལ་ཐེངས་བཞི་དང་སྤྱི་སྤྱོད་རླངས་འཁོར་ནང་དུ་འགྲིམ་འགྲུལ་ཐེངས་གསུམ། ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་གཉིས་ཀྱི་ས་འོག་མེ་འཁོར་ནང་དུ་འགྲིམ་འགྲུལ་བྱས་འདུག འདས་པའི་ཉི་མ་བཞིའི་རིང་ལ་མི་དེས་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་ངམ། ཡང་ན་སྨན་རིགས་འདྲ་མིན་ཚོང་འགྲེམ་གྱི་མི་ཚོགས་བསྡུ་སྐོང་ཐེངས་བཞི་བྱས་པ་རྣམས་རྩད་གཅོད་ཐུབ་སོང་། མཐར་མི་དེའི་ཟབ་སྦྱོང་ལ་ཞུགས་མཁན་མི་༧༩་ལ་ནད་དུག་འགོས་པ་དང་མི་དེ་དག་གིས་གཞན་པ་༢༣་ལ་ནད་དུག་བགོས་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་གནས་ཚུལ་སྤེལ། ཅི་ལིན་ཞིང་ཆེན་གྱི་འཕྲོད་བསྟེན་འགོ་ཁྲིད་གཞོན་པ་ཀྲང་ཡན་གྱིས་ཚོང་པ་དེས་ནད་དུག་བགོ་ཡུལ་རྒན་རྒོན་རྣམས་ནི་ལོ་ན་༦༣་ནས་ལོ་ན་༨༧་བར་དུ་སོན་ཡོད་པ་ཤ་སྟག་རེད། ད་ལྟ་ནད་པ་དེ་རྣམས་འབྲེལ་ཐུག་བྱུང་བའི་མི་རྣམས་རྩད་གཅོད་བྱས་ནས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་བཤད། ཡིན་ནའང་རྒྱ་ནག་གི་འགོ་ཁྲིད་ཚོ་བློ་འཚབ་འབྱུང་ས་གཙོ་བོ་ཞིག་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་སྐོར་སྐྱོད་ཚོང་པ་དེ་རྩད་གཅོད་ཐུབ་ཀྱང་ཚོང་པ་དེ་དང་འདྲ་བར་རྩད་གཅོད་མ་ཐུབ་པར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གཏོང་མཁན་མང་པོ་ཞིག་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།།

ཅི་ལིན་ཞིང་ཆེན་གཞུང་གིས་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་ཚོགས་ཟེར་བའི་ཚོང་ལས་ཁང་དེ་དག་ལ་དོགས་ཟོན་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཏུང་ཧྭ་གྲོང་ཁྱེར་གྱི་ཁང་ཆེན་རྙིང་པ་ཞིག་གི་འོག་ཤོད་དུ་སྐོར་སྐྱོད་ཚོང་པ་དེས་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་ཞིག་སྤྲད་པར་མི་༣༠་ནས་༤༠་ཙམ་ཞུགས། ཟབ་སྦྱོང་དེར་ཞུགས་མཁན་ཕལ་ཆེ་བས་ཁ་རས་མ་གྱོན། ཟབ་སྦྱོང་ཁང་དེར་རླུང་འགྲོ་སའི་སྒེའུ་ཁུང་མེད་པ་དང་མི་ཚོགས་དེ་ཡུན་རིང་ཚོགས་ཁང་དེར་འདུས། ཟབ་སྦྱོང་དེར་ཞུགས་མཁན་རྒན་རྒོན་ཕལ་ཆེ་བ་ལུས་ཟུངས་ཞན་པོ་དང་སྔོན་ནས་ན་ཚ་ཡོད་མཁན་རྣམས་ཡིན་པས་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་ཡིན་ཟེར་བ་དེའི་མགོ་སྐོར་འོག་ཏུ་ཚུད་རྒྱུ་སྟབས་བདེ་བོ་རེད། དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་རྒན་རྒོན་ལ་མགོ་སྐོར་གཏོང་རྒྱུ་དེར་དམིགས་ནས་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་ཚོགས་ཟེར་བའི་ཁྲིམས་འགལ་གྱི་ཚོང་ལས་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཁོ་ཚོས་མིང་སྙན་པོ་ཞིག་བཏགས་ནས་རྒན་རྒོན་ལ་སྨན་རྫས་སྣ་ཚོགས་ཤིག་བཙོང་གི་ཡོད་པར་འཕྲོད་བསྟེན་གྱི་གཏམ་བཤད་ཅེས་མིང་བཏགས་འདུག རྒྱ་ནག་གི་གློག་བརྙན་ཁང་དང་ཟ་ཁང་། ཁ་ར་འོ་ཁེ་གཞས་གཏོང་ཁང་སོགས་དང་མ་འདྲ་བར་འཕྲོད་བསྟེན་གྱི་མཐུན་ཚོགས་ཞེས་པ་དེ་རྣམས་ལྐོག་ཏུ་མི་མང་འཚོ་གནས་བྱ་ཡུལ་ཁག་ཏུ་ཚུགས་ཏེ་རྩད་གཅོད་དཀའ་བ་ཞིག་རེད། ཅི་ལིན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་ལ་འཕྲོད་བསྟེན་ལྟ་སྐྱོང་གི་ཟབ་སྦྱོང་ཚོགས་པ་ཁྲིམས་འགལ་གྱི་ཚོང་ལས་ཡིན་མིན་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཞིང་ཆེན་དེའི་འཕྲོད་བསྟེན་ལྷན་ཁང་གི་འགོ་ཁྲིད་གཞོན་པ་ཀྲང་ཡན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་བཤད་འདུག

XS
SM
MD
LG