ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལོ་འཁོར་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་སྤྱི་ཚེས་༡༤་ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་བསྡོམས་སྙན་ཐོ་ཞིག་བཏོན། སྙན་ཐོ་དེར་འདས་པའི་ལོ་གཅིག་གི་རིང་དུ་རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་སྔོན་ཆད་བྱུང་མྱོང་མེད་པའི་དམ་དྲག་བྱས་ཤིང་། ཁྱད་པར་དུ་ཧོང་ཀོང་བ་དང་ཞིན་ཅང་གི་ཡུ་གུར་བའི་སྟེང་དུ་ཡ་ང་བའི་དྲག་གནོན་ཚབས་ཆེན་བྱས་འདུག ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་ཡོད་པའི་དཔང་རྟགས་མི་ཉུང་བ་ཞིག་ཡོད་པ་སྟེ། རྒྱ་ནག་གུང་ཁྲན་ཏང་དང་རྒྱ་ནག་སྲིད་གཞུང་གིས་ཡུ་གུར་བའི་གཞི་རྩའི་འགྲོ་འདུག་གི་རང་དབང་འཕྲོག ཁོ་ཚོར་ཚད་ལས་བརྒལ་བའི་ལྟ་རྟོག་དང་འཇིགས་སྐུལ། འཛིན་བཟུང་བཀག་ཉར་སོགས་ཐབས་ལམ་སྣ་ཚོགས་ཤིག་སྤྱད་ནས་དྲག་གནོན་བྱེད་བཞིན་པ་ནི་ཧང་ཅང་གི་མངོན་གསལ་དོད་པོ་རེད་ཅེས་བཀོད།།

སྙན་ཐོ་དེར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་ཡུ་གུར་བ་གཙོས་ཧ་ས་ཁ་བ་དང་ཀིར་ཀི་བ། ཧོས་རིགས་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ས་ཡ་༡་དང་འབུམ་༨་ལྷག་གང་བྱུང་འཛིན་བཟུང་བྱས་ནས་བཀག་ཉར་ཁང་དུ་བཅུག་པ། ཁོ་ཚོར་བཙོན་སྒར་ཁག་ཏུ་ངལ་རྩོལ་བཙན་བཀོལ་བྱེད་པའམ། ཡང་ན་བཙོན་འཇུག་དང་མནར་གཅོད་གཏོང་བ། ཡུ་གུར་བ་ཚོར་བསམ་བློ་སྒྱུར་བཀོད་གཏོང་གི་ཡོད་པའི་གནས་ཚུལ་རྣམས་བཀོད། འདས་པའི་ལོ་དེར་རྒྱ་ནག་གཞུང་གིས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་ལ་གཏོར་བརླག ཡུ་གུར་བ་སོགས་ལ་ཚད་ལས་བརྒལ་པའི་མནར་གཅོད་བཏང་བའི་གནས་ཚུལ་ནི་སྐྱི་གཡའ་བ་དང་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མ་མྱོང་བ་ཞིག་རེད། དེས་ན་ཨ་མི་རི་ཀ་ངེས་པར་དུ་རྒྱ་ནག་མི་དམངས་ཀྱི་ཕྱོགས་སུ་ལངས་ནས་འཛམ་གླིང་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བཞིན་པར་འགོག་རྒོལ་བྱ་དགོས་ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་གྲོས་ཚོགས་འོག་མའི་འཐུས་མི་ཇཱིམ་མེཀ་གྷ་ཝྭན་གྱིས་ནན་སྐུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ལོ་ལྟར་འདོན་སྤེལ་བྱེད་བཞིན་པའི་ལོ་འཁོར་སྙན་ཐོ་དེར་ཡང་ནས་ཡང་དུ་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོས་མི་དམངས་ལ་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་རྣམས་འཁོད་ཡོད་པར་མ་ཟད། རྒྱ་ནག་གུང་ཁྲན་ཏང་གིས་འགྲོ་བ་མིའི་རིགས་ཀྱི་ཆེ་མཐོང་ལ་རྡོག་བརྫིས་གཏོང་བཞིན་པའི་དཀའ་ངལ་རྣམས་མྱུར་དུ་སེལ་ཐུབ་པའི་ལས་དོན་ཁག་ཅིག་བསྒྲུབ་དགོས་ཞེས་འབོད་སྐུལ་ཞུས་འདུག རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ཡིས་ཀྱང་སྙན་ཐོ་འདིས་རྒྱ་ནག་གུང་ཁྲན་ཏང་གིས་མངོན་སུམ་འཛེམ་མེད་ཀྱིས་མི་དམངས་ལ་བཙན་གནོན་བྱེད་བཞིན་པ་གསལ་པོར་མཚོན་ཐུབ། ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་དུ་བཏོན་ནས་རྒྱ་ནག་མི་དམངས་ལ་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཡང་དག་འདུག་ཅེས་བསྟན།།

ན་ནིང་ཞིན་ཅང་གི་བཀག་ཉར་ཁང་གི་གནས་ཚུལ་འཁོད་པའི་རྒྱ་གཞུང་གི་གསང་བའི་ཡིག་ཆ་ཞིག་ཕྱི་ལ་འཁྱར། དེང་སྐབས་རྒྱ་གཞུང་གིས་ཟབ་སྦྱོང་ལྟེ་གནས་ཡིན་ཟེར་བའི་བཀག་ཉར་ཁང་དེ་རྣམས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་བཀོད་སྒྲིག་ལྟར་བཙུགས་པ་ཞིག་ཡིན་ཞིང་། བཀག་ཉར་ཁང་དེ་དག་གི་ནང་དུ་མི་རྣམས་ལ་བཙོན་པ་ལྟར་ཉེས་ཆད་གཅོད་པ་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པ་སོགས་ཁུངས་སྐྱེལ་བྱས་འདུག གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཡུ་གུར་བའི་སྟེང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་རྣམས་མི་རིགས་གཙང་སེལ་གྱི་དམིགས་ཡུལ་ཡིན་མིན་ཨ་རིའི་གཞུང་གིས་མྱུར་ཏུ་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས་ཤིང་། མ་འོངས་པའི་ཨ་རིའི་གྲོས་ཚོགས་དང་གཞུང་འཛིན་ལྷན་ཁང་གསར་པས་ཀྱང་མུ་མཐུད་དུ་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

གཞན་ཡང་བདུན་ཕྲག་འདིའི་གཟའ་ལྷག་པ་ནས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་རུ་བཅུག་པའི་དངོས་ཟོག་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་ཅེས་བཀག ཐེངས་འདིའི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཟེར་བའི་ཁྲིམས་གསར་པ་ཞིག་ལག་བསྟར་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཛིན་སྐྱོང་སྒྲོམ་གཞི་ཡོངས་སུ་གཏོར་འདུག་ཅེས་སྡོམ་ཚིག་བཀོད། རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་དང་འཛམ་གླིང་ཡོངས་ཀྱི་དྲྭ་རྒྱའི་བརྒྱུད་ལམ་ལ་སྟངས་འཛིན། སྤྱི་ཚོགས་འབྲེལ་ལམ་ལ་གཏོར་བརླག རིག་གཞུང་ཞིབ་འཇུག་གི་རང་དབང་འཕྲོག་པ། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཨ་རི་དང་རྒྱལ་སྤྱིའི་ཁེ་ལས་ཁག་ལ་གནོན་ཤུགས་སྤྲོད་བཞིན་པ་སོགས་སྙན་ཐོ་དེར་ཞིབ་བཀོད་བྱས་ནས་ཁྱོན་བསྡོམས་ཤོག་ངོས་༣༧༠་ལྷག་བཀྲམ་ཡོད་པ་སོགས་ཀྱི་སྐོར། དཀོན་མཆོག་དོན་གྲུབ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG