ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། 


ཞི་ཅིན་ཕིང་གིས་པེ་ཅིང་དུ་འཚོགས་པའི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གཏམ་བཤད་བྱས།

༄༅།། སྤྱི་ཟླ་༨་པའི་ཚེས་༢༨་ནས་༢༩་བར་དུ་རྒྱ་ནག་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེ་པེ་ཅིང་དུ་ཚོགས་འདུག ཐོག་མར་༡༩༨༠་ལོར་ཚོགས་འདུ་འདི་ཚོགས་མགོ་བརྩམས་། འདས་པའི་ལོ་བཞི་བཅུའི་རིང་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ལ་སྲིད་འབྱོར་རིག་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནས་དམར་ཤོག་གི་བསམ་བློ་དྲིལ་བསྒྲགས་བྱེད་ཕྱོགས་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་རིང་ལུགས་པའི་ཞྭ་མོ་གཡོགས་ཏེ་མགོན་པོ་གང་ཉིད་ལ་མཚན་སྨད་ཀྱིས་བོད་མི་དམངས་རྣམས་རྒྱ་ནག་དམར་ཤོག་འོག་ཏུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད། བོད་པ་རྣམས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཤིག་ཏུ་བརྩིས་ནས་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་རྒྱལ་ཁབ་དེའི་གཅིག་གྱུར་ལ་བློ་བརྟན་འགྱུར་མེད་བྱ་དགོས་ཞེས་ནན་བརྗོད། སྐབས་འགར་ཚོགས་འདུ་འདི་དུས་དང་སྐབས་ཀྱི་འགག་རྩར་ཁེལ་དུས་འཚོགས་སྲོལ་ཡོད་པ་ཞིག་ཡིན་རུང་ཚོགས་འདུའི་བརྗོད་བྱ་ཁག་ཕྱིར་བསྒྲགས་བྱུང་བ་ཕལ་ཆེ་བ་འཆར་ཅན་ལྟར་བསྐྱར་ཟློས་ཡང་ཟློས་བྱས་པ་ཞིག་རེད་འདུག

ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཕྱིར་བསྒྲགས་བྱས་པའི་ནང་དོན་ཁག་ལ་གཞིགས་ན། དམིགས་བསལ་བོད་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་དགོས་ཞེས་ནན་བརྗོད་ཤུགས་ཆེན་བྱས་ཡོད་པར་མ་ཟད། ཆོས་ལུགས་དེ་རྒྱ་ནག་ཅན་ཏུ་བསྒྱུར་བ་ཞེས་པའི་སྒྲོམ་གཞིའི་འོག་ཏུ་བོད་བརྒྱུད་ནང་བསྟན་དེ་ཉིད་རྒྱ་ནག་ཅན་ཏུ་བསྒྱུར་དགོས་པའི་ནན་བརྗོད་བྱས་འདུག དེ་ནི་དོན་དངོས་སུ་བོད་ཀྱི་ཆོས་དང་རིག་གཞུང་། བོད་པའི་བསམ་བློའི་འདུ་ཤེས་སོགས་གཏིང་ཟབ་ས་ནས་རྒྱ་ལ་བསྒྱུར་རྒྱུའི་འཆར་གཞི་ཞིག་ཡིན་པ་སྟེ། ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་དུས་རྒྱུན་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བཏོན་པ་དང་རྒྱ་ནག་གིས་མགོན་པོ་གང་ཉིད་ལ་བོད་དོན་གྲོས་མོལ་བྱ་རྒྱུའི་དགའ་བསུ་ཡོད་ཅེས་གང་ཡང་གསལ་ཁ་མེད་ཅིང་། དེང་སྐབས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་འཁྲུག་འཛིང་བྱུང་སྟེ་ས་མཚམས་སུ་ཞི་བདེ་བརྟན་ལྷིང་མེད་པའང་གླེང་སློང་བྱས་ལུགས་ཅི་ཡང་ཕྱིར་བསྒྲགས་བྱས་མི་འདུག

རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱས་ཡོད་པ་དང་སྲིད་བློན་ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་བྱས་འདུག གཞན་ཡང་ལི་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་དང་ཧན་ཀྲེང་བཅས་པ་ཚོགས་འདུར་ཞུགས། ཝང་དབྱང་གིས་ཕྱོགས་བསྡོམས་གཏམ་བཤད་བྱས་པ་དང་ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་གྱི་ངོས་ནས་ངེས་པར་དུ་རྒྱ་ནག་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཞི་རྩ་འཛིན་ས་དང་ཤུགས་སྣོན་གྱི་དམིགས་འབེན་དུ་འཛིན་དགོས། མི་རིགས་ཁག་གི་མང་ཚོགས་ལ་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་དང་རྒྱ་ནག་གསར་པའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས་སོགས་སློབ་གསོ་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ་དང་རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་པ་ཁྲིད་སྟོན་བྱས་ནས་མང་ཚོགས་རྣམས་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཞུགས་རྒྱུར་སྐུལ་སློང་རྒྱ་ཆེན་པོ་བྱས་ནས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ལྕགས་རི་སྲ་བརྟན་ཅན་ཞིག་བསྐྲུན་དགོས་ཞེས་བཤད། ཞིས་ཅིན་ཕིང་གིས་སླར་ཡང་སློབ་གྲྭ་ཁག་ཏུ་བསམ་བློ་དང་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱ་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་མི་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་རྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་གཞོན་སྐྱེས་ལོ་ཆུང་མི་རེ་ངོ་རེའི་བསམ་བློའི་གཏིང་དུ་ཟུག་པ་ཞིག་བྱ་དགོས་ཞེས་བཤད་འདུག

ཚོགས་འདུ་དེར་གོང་འཁོད་ཀྱི་མཉམ་ཞུགས་བྱེད་མཁན་རྣམས་དང་གཞན་ཡང་རྒྱ་ནག་དབུས་གཞུང་གི་རྒྱུན་ལས་ཁག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཞེས་པའི་དབུས་རྒྱུན་ལས་ལྷན་ཁང་གི་འབྲེལ་ཡོད་དཔོན་རིགས་ཁག་དང་ཆེས་མཐོའི་ཁྲིམས་ཁང་གི་འགོ་ཁྲིད། ཆབ་སྲིད་གྲོས་ཚོགས་ཀྱི་འགོ་ཁྲིད་དང་བོད་རང་སྐྱོང་ལྗོངས་ཞེས་པའི་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་དབང་འཛིན་མི་སྣ་ཁག དེའི་གཤམ་འོག་གི་ས་གནས་དང་གྲོང་ཁྱེར་ཁག་གི་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་དབང་འཛིན་པ་གཙོ་གྲས་ཁག རྒྱ་ནག་གི་ཞིང་ཆེན་གཞན་ཁག་ལ་ཆ་བགོ་བྱས་ཡོད་པའི་བོད་ས་ཁག་སྟེ། སི་ཁྲོན་དང་ཡུན་ནན། ཀན་སུའུ་དང་མཚོ་སྔོན་བཅས་ཀྱི་ཁོངས་སུ་དབྱེ་བགོ་བྱས་ཡོད་པའི་བོད་ས་ཁག་གི་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་དབང་འཛིན་མི་སྣ། རྒྱ་ནག་དབུས་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཛིན་རྣམས། དམག་གི་སྡེ་ཚན་གྱི་འགན་ཡོད་ཁག་དང་དངུལ་རྩའི་ལས་ཁུངས། གཞུང་འབྲེལ་ཁེ་ལས་བཅས་ཀྱི་གནད་ཡོད་མི་སྣང་ཁག་ཚོགས་འདུ་དེར་མཉམ་ཞུགས་བྱས་ཡོད་འདུག

XS
SM
MD
LG