ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོའི་ཁྱིམ་ཐོ་མེད་པར་གཏོང་གི་ཡོད་པ།


༄༅།། རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་༢༤་ཉིན་ནས་འགོ་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་རྫོང་ཁག་ཚང་མར་ཁྱིམ་ཐོ་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། བོད་དུ་ཁྱིམ་ཐོ་བཀོད་ཡོད་པ་དང་ས་ཆའི་ཐོབ་ཐང་བླངས་ཡོད་ཀྱང་དོ་བདག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་ཚེ། བོད་པ་དེ་ཚོ་བོད་ནང་གི་ཁྱིམ་ཐོའི་ཁོངས་ནས་ཕྱིར་འཐེན་དང་ས་ཆའི་ཐོབ་ཐང་རྣམས་རྒྱ་གཞུང་གིས་ཕྱིར་བསྡུ་བྱེད་ཀྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། དེ་ཡང་གསར་འགྱུར་མཁོ་སྤྲོད་པས་ཁྱིམ་ཐོ་ཞིབ་བཤེར་བྱེད་སྟངས་ནི་དབྱེ་བ་གཉིས་སུ་ཕྱེ་འདུག གཅིག་ནི་ཕ་ཡུལ་དུ་ཁྱིམ་ཐོའི་ཁོངས་སུ་ཡོད་པ་དང་ས་ཆའི་ཐོབ་ཐང་བླངས་ཡོད་ཀྱང་དོ་བདག་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་བཞིན་པ་ཚོ་རེད། ཁོ་ཚོའི་བཟའ་མི་ཚོར་རྒྱ་གཞུང་གིས་འབྲེལ་བ་བྱས་ནས་མི་དེ་ཕྱིའི་རྒྱལ་ཁབ་ཀྱི་མི་ཁོངས་སུ་གྱུར་ཡོད་མེད་འདྲི་ཞིབ་བྱེད་ཀྱི་འདུག གལ་སྲིད་མི་དེ་ཕྱིའི་རྒྱལ་ཁབ་ཅིག་གི་སྤྱི་དམངས་སུ་གྱུར་ཡོད་ན་མི་དེར་བོད་དུ་ཁྱིམ་ཐོ་བཀོད་ཡོད་པ་དང་ས་ཆའི་ཐོབ་ཐང་བླངས་ཡོད་པ་རྣམས་མེད་པར་བཏང་ནས་གཞུང་བཞེས་གཏོང་གི་འདུག གལ་སྲིད་མི་དེ་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་མེད་ན་དཔང་རྟགས་ཡིག་ཆའི་ངོ་བཤུས་བསྟན་ནས་དག་སྐྱེལ་བྱ་དགོས་ཀྱི་འདུག གལ་སྲིད་མི་དེ་སྐྱབས་བཅོལ་བའི་གནས་བབ་ཐོག་ཏུ་བསྡད་ཡོད་ན་སྐྱབས་བཅོལ་བའི་ལག་དེབ་ཀྱི་ངོ་བཤུས་སྟོན་དགོས་ཀྱི་འདུག་ཅེས་བཤད།།

གཉིས་པ་ནི་བོད་དུ་གནས་སྡོད་བྱེད་མཁན་ཞིག་ཡིན་རུང་ས་གནས་མི་འདྲ་བ་གཉིས་སུ་ཁྱིམ་ཐོ་བཀོད་ནས་ས་ཆའི་ཐོབ་ཐང་བླངས་ཡོད་མེད་ལ་ཞིབ་བཤེར་བྱེད་ཀྱི་ཡོད་ཅིང་། གལ་སྲིད་ས་གནས་ཁག་གཉིས་སུ་ཁྱིམ་ཐོ་བཀོད་ནས་ས་ཆའི་ཐོབ་ཐང་བླངས་ཡོད་ན་ས་གནས་གཅིག་གི་ཁྱིམ་ཐོ་མེད་པར་བཟོས་ཏེ་ས་ཆ་གཞུང་བཞེས་གཏོང་གི་འདུག སྤྱིར་རྒྱ་ནག་གཞུང་གིས་དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སའི་ས་གནས་་སྲིད་གཞུང་དེ་ཚོས་འབྲོག་པ་ཚོར་རྩྭ་སའི་སྐོར་གྱི་ཚོགས་འདུ་བསྐོངས་ནས་རྩྭ་སའི་བདག་དབང་ཞེས་པའི་ལམ་སྟོན་དང་ས་འཛིན་ལག་དེབ་ཟེར་བའི་ཡིག་ཆ་ཤོག་གྲངས་༡༧་ཅན་ཞིག་བཀྲམ། ད་ནས་བཟུང་སྟེ་མང་ཚོགས་ལ་ཡོད་པའི་ས་འཛིན་ལག་དེབ་དང་རྩྭ་ས་རྣམས་གཞུང་གིས་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱེད་ཀྱི་འདུག དེ་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཡིག་ཆའི་ཐོག་ཏུ་མོས་མཐུན་ཡོད་པའི་མིང་བརྟགས་འགོད་དུ་འཇུག་འདུག་ཅེས་བཤད།།

རྒྱ་ནག་གཞུང་གི་ས་གནས་ཀྱི་འགོ་ཁྲིད་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན། འབྲོག་པ་ཚོའི་རྩྭ་ས་རྣམས་གཞུང་བཞེས་བཏང་རྗེས་འབྲོག་ལས་མཉམ་འབྲེལ་གྱི་ལམ་ལུགས་ལ་བསྒྱུར་རྒྱུ་ཡིན། དེ་ནི་འབྲོག་ཁྱིམ་སོ་སོའི་ཕྱུགས་གྲངས་མང་ཉུང་ལ་མ་ལྟོས་པར་ཐམས་ཅད་འབྲོག་སྡེ་སྤྱིའི་མིང་ཐོག་དང་གཞུང་གི་རྩྭ་སའི་ཐོག་ཏུ་མཉམ་དུ་འཚོ་སྐྱོང་བྱས་ནས་མར་དང་ཕྱུར་བ་སོགས་ཕྱུགས་ལས་ཀྱི་ཐོན་སྐྱེད་རྣམས་བགོ་འགྲེམ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG