ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་དང་དམག་འཁྲུག་གི་ཉེན་ཁ་ཇེ་ཆེ། 


ཨ་མི་རི་ཀའི་ཡུ་-༢་རྟགས་ཅན་གྱི་མྱུལ་ཞིབ་གནམ་གྲུ།

༄༅།། རྒྱ་ནག་གིས་ཕྱི་ཟླ་༨་པའི་ཚེས་༢༤་ནས་ཚེས་༢༩་བར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྦྱོང་ཆེན་པོ་ཞིག་བྱེད་འགོ་ཚུགས། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀས་ཡུ་-༢་རྟགས་ཅན་གྱི་མྱུལ་ཞིབ་གནམ་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བཏང་བ་དང་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་གཏོར་སྤྱད་ཏུང་ཧྥེང་༢༡་རྟགས་ཅན་དང་ཏུང་ཧྥེང་༢༦་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་འཕངས་ནས་ཨ་མི་རི་ཀར་རྫིག་རྫིག་བསྐུལ། ལྷོ་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་དམག་དོན་རྟེན་གཞི་ཁག་འཛུགས་སྐྲུན་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ལས་ཁང་༢༤་དང་བཟོ་ཚོང་ལས་ཁང་དེ་དག་གི་འབྲེལ་ཡོད་འགོ་ཁྲིད་ཚོར་ཨ་མི་རི་ཀས་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་བཅས་ཀྱི་ཉེས་ཆད་བཅད་ནས་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་སྟེ། གཟའ་ལྷག་པའི་ཉིན་ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་དང་བརྡ་འཕྲིན་གྱི་རྟེན་གཞི་འཛུགས་སྐྲུན་བྱས་ནས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་སོང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱལ་ཁབ་གཞན་གྱི་མངའ་ཁོངས་ཧམ་འཕྲོག་བྱས་ནས་ཁྲིམས་འགལ་བྱས་སོང་ཞེས་ཨ་རིའི་ཚོང་དོན་ལྷན་ཁང་གི་ཐོ་གཞུང་ནག་པོ་དེར་བཀོད། འདི་དང་དུས་མཚུངས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་གི་འབྲེལ་ཡོད་ལས་སྣེ་ཚོ་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཨ་མི་རི་ཀར་ཡོང་མི་ཆོག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་ལས་སྣེ་ཚོར་གླིང་ཕྲན་གསར་པ་འཛུགས་སྐྲུན་དང་ས་ཆ་བཙན་འཕྲོག གླིང་ཕྲན་གསར་པ་དེ་རྣམས་དམག་དོན་རྟེན་གཞི་ལ་བསྒྱུར་པ་དང་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ་བའི་འགན་འཁྲི་ཡོད་ཅེས་བསྒྲགས།།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་ཁག
ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་ཁག

ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ཨ་མི་རི་ཀས་ཡུ་-༢་རྟགས་ཅན་གྱི་མྱུལ་ཞིབ་གནམ་གྲུ་ཞིག་བཏང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་གི་དམག་སྦྱོང་ལ་རྟོག་ཞིབ་བྱས་ཤིང་། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་བརྒྱ་ཆ་༩༠་ལྷག་རྒྱ་ནག་གི་མངའ་ཁོངས་ཡིན། རྒྱལ་ཁབ་གཞན་གྱི་གནམ་གྲུ་དང་གྲུ་གཟིངས་སོགས་རྒྱ་ནག་གི་མཚོ་ཐིག་དགུའི་ས་མཚམས་བརྒལ་ནས་འཛུལ་ཞུགས་བྱེད་མི་ཆོག་ཟེར་གྱི་ཡོད་ཀྱང་ཨ་མི་རི་ཀས་དེ་ལ་བརྩི་མེད་བཏང་འདུག དེར་བརྟེན་རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་གྱི་དམག་ས་ཞིག་ནས་ཏུང་ཧྥེང་༢༦་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་འབྲིང་གྲས་ཤིག་དང་ཀྲེ་ཅང་ཞིང་ཆེན་གྱི་དམག་ས་ཞིག་ནས་ཏུང་ཧྥེང་༢༡་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་ཞིག་འཕངས། རྒྱ་ནག་གིས་ཏུང་ཧྥེང་༢༦་དང་༢༡་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གཉིས་ཀས་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་མོ་གཏོར་ཐུབ་པར་མ་ཟད། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་མདའ་དཔོན་ཝུ་ཆན་གྱིས་མེ་ཤུགས་འཕུལ་མདེལ་དེ་དག་གིས་རྡུལ་ཕྲན་གྱི་རྩེ་མདེལ་འཁྱེར་ཐུབ་ཅེས་བཤད། མེ་ཤུགས་འཕུར་མདེལ་དེ་རྣམས་རྒྱ་གར་རྒྱ་མཚོ་དང་ཨོ་གླིང་རྒྱལ་ཁབ། ཨ་མི་རི་ཀའི་ནུབ་ཕྱོགས་ཀྱི་མཚོ་ཁའི་གྲོང་ཁྱེར་ཁག་ལ་སྙོབ་ཐུབ། རྒྱ་ནག་གིས་ཨ་མི་རི་ཀར་ཉེན་བརྡ་གཏོང་བའི་ཆེད་དུ་འཕངས་པའི་ཏུང་ཧྥེང་མེ་ཤུགས་འཕུར་མདེལ་གཉིས་ཀ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཆེ་བའི་པ་ར་སལ་གླིང་ཕྲན་གྱི་ཉེ་འཁྲིས་སུ་ལྷུང་སྟེ་མཚོ་ནང་དུ་བཀད། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨེ་སི་པར་གྱིས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་ཀྱང་རྟག་ཏུ་རྡོག་བརྫིས་གཏོང་གི་འདུག ཨ་མི་རི་ཀར་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་འགོ་ཁྲིད་བྱེད་དགོས་པའི་འགན་འཁྲི་ཡོད། སོ་སོའི་ཆབ་སྲིད་ལམ་ལུགས་ཡག་ག་ཡོད་སྙམ་པའི་རྒྱལ་ཁབ་དེ་ཚོར་ཞི་བདེ་རྒྱ་མཚོའི་ཕྱོགས་ཀྱི་ས་ཆ་སོར་གང་བློས་གཏོང་རྒྱུ་མིན་ཞེས་རྒྱ་ནག་ལ་གོ་རྒྱུ་བཏང་ནས་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གིས་ཨ་མི་རི་ཀའི་མྱུལ་ཞིབ་གནམ་གྲུ་དེ་ཆོག་མཆན་མེད་པར་རྒྱ་ནག་གི་མཁའ་དབྱིངས་བཀག་སྡོམ་མངའ་ཁོངས་སུ་འཕུར་སྐྱོད་བྱས་སོང་། རྒྱ་ནག་གིས་པོ་ཧེ་མཚོ་ནང་དུ་དམག་སྦྱོང་བྱེད་ཀྱི་ཡོད་པར་གཏོང་བརླག་བཏང་སོང་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཡུ་-༢་རྟགས་ཅན་གྱི་གནམ་གྲུ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་འཕུར་ནས་རྟོག་ཞིབ་ཅི་ཞིག་བྱས་མིན་གྱི་འགྲེལ་བཤད་གསལ་པོ་ཞིག་མ་བརྒྱབ་ཅིང་། ཨ་རིའི་གནམ་གྲུ་དེ་རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ་མེད་པར་འཕུར་སྐྱོད་བྱས་པ་ཡིན་ཞེས་བཀྲལ། ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི། སྒྲིག་སྲོལ་ཁག་ལ་བརྩི་མེད་བཏང་ནས་འཛམ་གླིང་ཡོངས་ལ་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐབས་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་རྣམས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་གདལ་གཏོང་བར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་བཤད། ཟླ་བ་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཐེན་པའི་ས་ཐིག་དགུ་ལ་ཨ་མི་རི་ཀས་ནམ་ཡང་ངོས་ལེན་བྱ་རྒྱུ་མིན་ཞེས་བཤད། ད་དུང་ཨ་མི་རི་ཀས་ཝྭི་ཏེ་ནམ་དང་ཧྥི་ལི་ཕིན། མ་ལེ་ཤི་ཡ་དང་བྷུ་རུ་ནེ། ཐེ་ཝན་བཅས་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་ཀྱི་སྐལ་བ་ཡོད་པར་རྒྱབ་སྐྱོར། ཨ་མི་རི་ཀས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཞོར་དུ་རྒྱལ་ཁབ་དེ་ཚོར་དམག་དོན་དང་ཚོང་ལས་ཀྱི་འབྲེལ་བ་རྒྱ་བསྐྱེད། ཁ་སང་གཟའ་ལྷག་པར་ཧྥི་ལི་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་པ་དང་ཧྥི་ལི་ཕིན་ལ་ཐུབ་ཚོད་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་ཚེ། ཨ་མི་རི་ཀ་དང་ཧྥི་ལི་ཕིན་གྱི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱིས་ཆིངས་ཡིག་བཞག་ཡོད་པ་ལག་ལེན་བསྟར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་རྒྱ་ནག་ལ་སྡིགས་ར་བསྐུལ།།

དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ལིའུ་ཞའོ་མཱིང་གིས་ཨ་མི་རི་ཀས་མྱུལ་ཞིབ་གནམ་གྲུ་བཏང་ནས་རྒྱ་ནག་གི་དམག་སྦྱོང་ལ་གཏོར་བརླག་ཚབས་ཆེན་ཞིག་བཏང་སོང་ཞེས་དྲྭ་ལམ་དུ་རྩོམ་ཐུང་ཞིག་སྤེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཨ་མི་རི་ཀས་མྱུལ་ཞིབ་གནམ་གྲུ་བཏང་ནས་རྒྱ་ནག་ལ་བསམ་བཞིན་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་མདའ་དཔོན་ཝུ་ཆན་གྱིས་རྒྱ་ནག་གི་དམག་གིས་ཨ་རི་ལྟར་འཁྲུག་རྩོད་སློང་རྒྱུ་མིན། ཡིན་ནའང་ཨ་མི་རི་ཀར་གཏོར་བརླག་བྱེད་དུའང་འཇུག་གི་མིན། ང་ཚོས་ཨ་མི་རི་ཀས་དོན་དངོས་ལ་མཐུན་པའི་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུ་དང་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དོན་མི་སྣ་ཚོ་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་འཆང་ཡོད་ཅེས་བཤད། ད་ལྟ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་དེ་རྣམས་གསར་འགྱུར་བརྒྱུད་ལམ་གྱི་རྩོད་གཞི་ཞིག་དང་ཕྱི་འབྲེལ་མི་སྣ་ཁག་གིས་ཕན་ཚུན་སྐྱོན་འཛུགས་བྱེད་རེས་ཀྱི་རྩོད་གཞི་ཁོ་ན་མིན་ཞིང་། དེ་ནི་རྒྱ་ནག་དང་ཨ་མི་རི་ཀའི་དམག་དང་ཕྱོགས་གཉིས་ཀྱི་རྒྱལ་སྲུང་ལྷན་ཁང་གི་རྩོད་གཞི་ཞིག་ལ་གྱུར་ཏེ་དམག་འཁྲུག་གི་ངོ་བོ་ཞིག་ལ་འགྱུར་རྒྱུའི་ཉེན་ཁ་ཆེ། ཡིན་ནའང་ཨ་མི་རི་ཀར་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་གི་ཐོག་ཏུ་མཁྲེགས་པོ་བྱེད་ཀྱི་ཡོད་པ་ནམ་ཡང་འཇམ་དུ་གཏོང་མི་སྲིད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་ཏུང་ཧྥེང་༢༡་དང་༢༦་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་འཕངས་ནས་ཨ་མི་རི་ཀར་འཁྲུག་རྩོད་སློང་བ་དང་སྡིགས་ར་སྐུལ་གྱི་འདུག ཨ་མི་རི་ཀར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྐྱེལ་འདྲེན་དང་རྒྱལ་སྤྱིའི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་ཅེས་བསྒྲགས།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཕྱོགས་གཉིས་ཀྱི་ཚོང་དམག་ལངས་པ་དང་ལོ་འདིར་ཨ་མི་རི་ཀར་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་༡༨༠༠༠༠་ལྷག་ལ་འཆི་སྐྱོན་དང་མི་༦༠༠༠༠༠༠་ལ་ནད་དུག་འགོས་པ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་སྟེ་མངའ་ཁུལ་དེར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་ལག་ལེན་བསྟར་འགོ་ཚུགས་པ། ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་ནས་འབྲེལ་བ་ཡར་རྒྱས་བཏང་བ། ཉེ་ཆར་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཐེ་ཝན་ལ་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་གྲོས་མོལ་བྱས་པ། ལྷག་པར་དུ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་བྱེད་ཀྱི་ཡོད་པས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྔོན་ཆད་བྱུང་མྱོང་མེད་པའི་སྡུག་ཏུ་སོང་། ཨ་མི་རི་ཀས་དམག་དོན་ཉམས་ཞིབ་པ་རོ་གྷོ་ཝེས་བཤད་པ་ལྟར་ན། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་ཕྱོགས་གཉིས་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དམག་གསོག་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་འདུག ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གནམ་ས་གཉིས་ནས་སྐོར་གཡེང་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་རྒྱ་ནག་གིས་ཀྱང་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་དང་དམག་གི་འགུལ་སྐྱོད་བྱ་རྒྱུ་ཇེ་མང་དུ་སོང་འདུག གཅིག་བྱས་ནས་ཨ་རིའི་ཡུ་-༢་རྟགས་ཅན་གྱི་མྱུལ་ཞིབ་གནམ་གྲུ་དེ་རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ལ་ཚོད་ལྟ་བྱེད་དུ་འཕུར་སྐྱོད་བྱས་པ་ཡིན་སྲིད། རྒྱ་ནག་གིས་མདེའུ་ངོ་མ་འཕངས་ནས་དམག་སྦྱོང་བྱེད་ཀྱི་ཡོད་པའི་དུས་སུ་ཨ་མི་རི་ཀའི་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་མྱུལ་ཞིབ་གནམ་གྲུ་བཏང་བ་ནི་རྒྱ་ནག་གིས་དམག་འཁྲུག་རྒྱག་ཕོད་མིན་ལ་ཉམས་ཚོད་བླངས་པ་ཞིག་ཀྱང་ཡིན་སྲིད་ཅེས་བཤད་དོ།།

XS
SM
MD
LG