ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པ།


༄༅།། རྒྱ་ནག་གཞུང་གིས་བཙན་བཀའ་བཏང་སྟེ་བོད་ནང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་རྨ་ཆེན་རྫོང་དང་དགའ་བདེ་རྫོང་གི་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ། སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་རྣམས་ས་གནས་མང་ཚོགས་ཀྱིས་ཕྱིར་བསྒྲགས་བྱེད་མི་ཆོག་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་ས་གནས་དེའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་དོན་ལྟར་ན། མགོ་ལོག་ཁུལ་གྱི་དར་ལག་རྫོང་། ཁྲ་གླིང་དགོན་པའི་ཉེ་འདབས་སུ་གསར་དུ་བཙུགས་པའི་སེང་འབྲུག་སྟག་རྩེ་ཞེས་པའི་སྒེར་གཉེར་སློབ་གྲྭ་ཞིག་ཡོད་པ་རྒྱ་གཞུང་གི་བཀའ་བཙན་བཏང་ནས་སྒོ་རྒྱག་ཏུ་བཅུག་སོང་། སློབ་གྲྭ་དེ་རྒྱ་གཞུང་གིས་ཆོག་མཆན་བཀོད་ནས་མཁན་པོ་ཀུན་བཟང་གིས་བཙུགས་པ་རེད། སློབ་གྲྭ་དེ་ཚུགས་ནས་ལོ་ཉི་ཤུ་ལྷག་སོང་ཡོད་པ་དང་སློབ་ཕྲུག་ཚང་མ་འབྲོག་ཕྱོགས་ཀྱི་བོད་པའི་བུ་ཕྲུག་རྣམས་རེད། སློབ་ཕྲུག་གི་གྲས་སུ་གྲྭ་པ་དང་བཙུན་མ། སྐྱ་སེར་དབྱེ་བ་མེད་པར་བོད་རྒྱའི་སྐད་ཡིག་གཙོ་བོར་བཟུང་སྟེ་སློབ་ཁྲིད་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་གྲྭ་པ་དང་བཙུན་མ་སྡོད་ས་ནི་དགོན་པ་ཡིན་པ་ལས་སློབ་གྲྭ་མིན་ཞེས་སློབ་གྲྭ་སྒོ་རྒྱག་དགོས་ཟེར་ནས་སྒོ་བརྒྱབ་སོང་ཞེས་བཀྲལ།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། ད་ལྟའི་ཆར་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་ཆོག་པས་ས་གནས་མང་ཚོགས་ཀྱིས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རྒྱ་གཞུང་གི་བཙན་བཀའི་འོག་ང་ཚོས་མང་ཚོགས་ལའང་གནས་ཚུལ་འདི་གསང་བ་དམ་པོ་བྱེད་དགོས་ཀྱི་འདུག ད་ལྟའི་ཆར་རྨ་ཆེན་རྫོང་གི་མངའ་ཁོངས་སུ་བོད་པའི་སྒེར་གཉེར་སློབ་གྲྭ་གསུམ་དང་མགོ་ལོག་དགའ་བདེ་རྫོང་ཁོངས་སུ་སྒེར་གཉེར་སློབ་གྲྭ་ཁ་ཤས།
དར་ལག་རྫོང་དུ་གོང་བརྗོད་སེང་འབྲུག་སྟག་རྩེ་སློབ་གྲྭ་བཅས་ཡོད་པ་རྣམས་སྒོ་རྒྱག་ཏུ་བཅུག་འདུག རྫོང་ཁག་གཞན་དུ་སློབ་གྲྭ་སྒོ་བརྒྱབ་ཡོད་པ་གོ་ཐོས་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག རྨ་ཆེན་རྫོང་དུ་སྒོ་བརྒྱབ་པའི་སློབ་གྲྭ་གཅིག་ནི་དྭ་ཕྲུག་སློབ་གྲྭ་རེད་ཟེར་གྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཕོ་བྲང་སེང་འབྲུག་སྟག་རྩེ་སྟེ། གེ་སར་རིག་གནས་ཀྱི་ཁྲིད་སྦྱོང་གནས་ཡུལ།
ཕོ་བྲང་སེང་འབྲུག་སྟག་རྩེ་སྟེ། གེ་སར་རིག་གནས་ཀྱི་ཁྲིད་སྦྱོང་གནས་ཡུལ།

བོད་ནང་གི་སྐད་འཕྲིན་དྲྭ་བའི་སྤྱི་སྟེགས་ཁ་ཤས་བརྒྱུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སེང་འབྲུག་སྟག་རྩེ་སློབ་གྲྭའི་སློབ་ཕྲུག་ཚོས་ཁུལ་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་ཐེངས་མང་བླངས་མྱོང་ཡོད་པར་མ་ཟད། ལེགས་གསོལ་བྱ་དགའ་ཡང་ཐོབ་མྱོང་ཡོད་པ་རེད་ཅེས་བཀོད། ༢༠༠༧་ནས་བཟུང་སྟེ་སློབ་གླིང་དེར་རྨ་ཡུལ་སེང་འབྲུག་གེ་སར་རིག་གནས་ཟློས་གར་ཚོགས་པ་ཞེས་སློབ་གྲྭའི་ནང་དུ་དགེ་སློབ་རྐྱང་རྐྱང་གི་གེ་སར་རྣམ་ཐར་ཚོགས་པ་ཆུང་ངུ་ཞིག་བཙུགས། ཚོགས་པ་དེས་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་གླིང་བྲོ་བདེ་ཆེན་རོལ་མོ་དང་འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་བརྗོད། གླིང་གི་དཔའ་བོའི་རྟོགས་བརྗོད་རྣམས་ཟློས་གར་དུ་འཁྲབ་པའི་སྲོལ་རྒྱུན་ཞིག་དར། ད་ལྟའི་བར་དུ་སྲོལ་ལུགས་དེ་རྒྱུན་འཁྱོངས་ནས་ས་གནས་མང་ཚོགས་དང་ཕྱོགས་ཀྱི་སྐུ་མགྲོན་ཚོས་གདེང་འཇོག་དང་བསྔགས་བརྗོད་ཐོབ། དེས་ན་རྒྱ་གཞུང་གིས་ཀྱང་གདེང་འཇོག་མཐོན་པོ་བྱས་ནས་༢༠༡༥་དང་༢༠༡༦་ལོར་སྔ་རྗེས་སུ་ཁུལ་དང་ཞིང་ཆེན་རིམ་པས་གེ་སར་རྣམ་ཐར་ཟློས་གར་ཚོགས་པ་འཛུགས་ཆོག་པའི་ཆོག་མཆན་བཀོད་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG