ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

༢༠༢༤་ལོར་རྒྱ་ནག་གི་འབྱོར་ལྡན་པ་མང་པོ་ཨ་རི་སོགས་ལ་གནས་སྤོས།


པེ་ཅིང་གི་གནམ་ཐང་།
པེ་ཅིང་གི་གནམ་ཐང་།

༄༅།། འདས་པའི་ཟླ་བ་༡༢་ཀྱི་ནང་དུ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་སྒོར་དུང་ཕྱུར་༡༣༩༠་སྟེ། ཨ་སྒོར་ཐེར་འབུམ་༡༣༩་ཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྱིམ་གཞིས་སྤོས། ཕྱི་ཟླ་༦་པའི་ཚེས་༢༦་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱིས་ཧྥ་རན་སིའི་ན་ཊིཀ་སེ་སི་(Natixis)་དངུལ་ཁང་གི་ཞིབ་འཇུག་སྙན་ཐོ་ལུང་འདྲེན་བྱས་ནས་གསར་འགྱུར་ཐོན་པ་ལྟར་ན། རྒྱ་ནག་གིས་ཕྱི་ལ་མ་རྩ་འཛུགས་རྒྱུ་མང་དུ་བཏང་ཡང་ཕྱི་རྒྱལ་ནས་རྒྱ་ནག་ཏུ་མ་རྩ་འཛུགས་མཁན་ཉུང་དུ་སོང་། རྒྱ་ནག་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་ཨ་སྒོར་ཉར་འཛིན་བྱས་ཡོད་པ་རྣམས་རྒྱ་ནག་གི་མི་དམངས་ཤོག་སྒོར་ལ་མ་བསྒྱུར། རྒྱ་ནག་ལ་མི་དམངས་ཤོག་སྒོར་འདང་ངེས་མེད་པར་ཧོང་ཀོང་གི་དངུལ་ཁང་ཁག་ནས་རྒྱ་ནག་ལ་མི་དམངས་ཤོག་སྒོར་བཏང་སྟེ་དཀའ་ངལ་སེལ། རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཐུབ་ཀྱི་མེད་པ་དང་ས་ཁམས་ཆབ་སྲིད་ལྷིང་འཇགས་མེད་པར་རྒྱ་སྒོར་གྱི་འཛའ་ཐང་ཆག རྒྱ་ནག་གི་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་ཐོག་ཏུ་འགྲོ་རྒྱུག་ཐུབ་པའི་དངུལ་ལོར་ཞིག་ཏུ་བསྒྱུར་རྒྱུ་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཧྥ་རན་སིའི་ན་ཊིཀ་སེ་སི་དངུལ་ཁང་།
ཧྥ་རན་སིའི་ན་ཊིཀ་སེ་སི་དངུལ་ཁང་།

ལོ་འདིའི་ཕྱི་ཟླ་༤་པ་གཅིག་པུར་ཧོང་ཀོང་ནས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡.༢༨་གྱི་མ་རྩ་མི་དམངས་ཤོག་སྒོར་རྒྱ་ནག་ལ་གཏོང་དགོས་པར་གྱུར། དེ་ནི་༢༠༢༣་ལོ་དང་བསྡུར་ན་ཧོང་ཀོང་ནས་རྒྱ་ནག་ལ་མི་དམངས་ཤོག་སྒོར་བཏང་བ་བརྒྱ་ཆ་༡༡༧་མང་བ་བྱུང་ཞིང་། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་ཡོངས་འཛུགས་སྐྲུན་སློབ་གླིང་གི་འགན་འཛིན་ཧྭང་དབྱི་ཕིང་(Huang Yiping)་གིས་ཧོང་ཀོང་བརྒྱུད་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད། ཧྲང་ཧེ་རྒྱལ་སྤྱིའི་དངུལ་རྩའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཐུབ་མེད་པ་དང་པེ་ཅིང་གི་སྟངས་འཛིན་འོག་ཏུ་ཚུད་རྒྱུའི་ཉེན་ཁ་ཆེ། གལ་སྲིད་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་དང་མི་སྒེར་པ་ཚོས་རྒྱ་སྒོར་བཀོལ་ནས་ཚོང་ལས་གཉེར་དགོས་ན་ཧོང་ཀོང་དུ་ཕྱི་རྒྱལ་གྱི་དངུལ་སྒོར་རྒྱ་ནག་གི་མི་དམངས་ཤོག་སྒོར་ལ་བརྗེ་ཐུབ་ཅེས་བསྟན། རྒྱ་ནག་གཞུང་གིས་མི་དམངས་ཤོག་སྒོར་དེ་ཨ་སྒོར་དང་ཡུ་སྒོར། དབྱིན་སྒོར་ལྟར་རྒྱལ་སྤྱིའི་དངུལ་ལོར་ཞིག་ཏུ་བསྒྱུར་རྒྱུའི་ཐབས་སུ་འབད།།

རྒྱ་མིའི་གསོལ་དཔོན་སློབ་གྲྭ
རྒྱ་མིའི་གསོལ་དཔོན་སློབ་གྲྭ

ཕྱི་ཟླ་༦་པའི་ཚེས་༢༤་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་འདིར་འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བར་རྒྱ་ནག་གི་ཕྱུག་བདག་རྣམས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨོ་གླིང་། ནེའུ་ཛི་ལན་ཌི་སོགས་ལ་གཏན་སྡོད་གཞིས་ཆགས་སུ་བསྐྱོད་རྒྱུའི་རྟགས་མཚན་མངོན། དབྱིན་ཇིའི་མ་རྩ་འཛུགས་འཇོག་དང་གནས་སྤོར་བློ་འདོན་ཁང་གིས་རྒྱ་ནག་པ་ཨ་སྒོར་ས་ཡའི་བདག་པོ་༡༥༢༠༠་ཕྱི་རྒྱལ་ལ་གནས་སྤོར་བྱ་རྒྱུའི་ཚོད་དཔག་བྱས་འདུག ཏོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་ས་ཁང་ཚོང་ལས་མ་རྩ་བརྡིབས། ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད། ན་གཞོན་ས་ཡ་མང་པོར་ལས་ཀ་མ་རག ཞིས་ཅིན་ཕིང་གིས་འབྱོར་ལྡན་པ་ཚོར་དྲག་གནོན་དང་དབུལ་ཕྱུག་སྙོམས་པའི་དཔལ་འབྱོར་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་མི་དམངས་ཀྱིས་དངུལ་སྒོར་འགྲོ་གྲོན་མ་བཏང་བར་ཕུགས་གསོག་བརྒྱབ།

ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་མ་གོ་ནན་(Guonan Ma)་གྱིས་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་ལ་ཐར་ཐབས་བྱེད་ཀྱི་ཡོད་པར་རྒྱུ་རྐྱེན་འགའ་ཞིག་འདུག གཅིག་ནི་ཞིས་ཅིན་ཕིང་གིས་ཚོང་པ་དང་འཕྲུལ་རིག་ཁེ་ལས་པ་ཚོར་དྲག་གནོན་བྱས་ཏེ་༢༠༢༠་ནས་༢༠༢༣་བར་དུ་ཨ་ལི་བྷ་བྷ་དང་ཊན་སན་ཊི་ལྟ་བུའི་བཟོ་ཚོང་ལས་ཁུངས་ཆེ་ཁག་ལྔ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་གམ། ཨ་སྒོར་དུང་ཕྱུར་ཁྲི་ཚོ་༡་གྱོང་གུད་ཕོག དེར་བརྟེན་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་མང་པོ་རང་ཡུལ་དུ་འདུག་མ་ཕོད་པར་ཕྱི་རྒྱལ་དུ་བྲོས། གཉིས་པ་དེ་རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་པ་དང་ཡུལ་ཐང་འཕར། མི་དམངས་ཤོག་སྒོར་འཛའ་ཐང་ཆག རྒྱ་ནག་གི་ཆབ་སྲིད་དང་ས་ཁམས་ཆབ་སྲིད་བརྟན་པོ་མེད་པར་ཚོང་པ་ཚོས་རང་གི་མ་རྩ་རྣམས་རྒྱ་ནག་ཁོ་ན་མ་ཡིན་པར་རྒྱལ་ཁབ་མང་པོའི་ནང་དུ་བགོ་འགྲེམ་བྱས་ནས་མ་རྩ་འཛུགས་ཀྱི་འདུག་ཅེས་བཀྲལ།།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཕེང་ཡུའི་(Liu Pengyu)་ལ་ཕྱུག་བདག་རྣམས་ཕྱི་ལ་བསྐྱོད་དོན་ཅི་རེད་ཅེས་དྲིས། ཁོ་པས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་ནས་རང་དབང་ཆེ་རུ་ཕྱིན་པ་རེད། མི་ཚོས་རྒྱལ་ཁབ་གཅིག་ནས་རྒྱལ་ཁབ་གཞན་ཞིག་ལ་གནས་སྤོར་བྱ་རྒྱུར་དགའ་མོས་བྱེད་ཀྱི་འདུག དེ་ནི་སྐྱེ་བོ་སྒེར་གྱི་གདམ་ཀ་རེད། རྒྱ་ནག་གི་ཕུགས་རྒྱང་རིང་པོའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་མི་སྲིད། ཕྱི་རྒྱལ་བ་ཚོ་རྒྱ་ནག་ལ་སློབ་སྦྱོང་དང་གནས་སྡོད། ཚོང་ལས་གཉེར་དུ་ཡོང་ན་དགའ་བསུ་ཡོད་ཅེས་གསར་འགོད་པར་ལན་བཏབ། ༢༠༡༣་ནས་༢༠༢༣་བར་དུ་རྒྱ་ནག་ལ་ཨ་སྒོར་ས་ཡ་ཅན་བརྒྱ་ཆ་༩༢་འཕར་སྣོན་ཕྱིན་མོད། འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢༥་ནས་༣༠་ཙམ་ས་ཁང་ཚོང་ལས་ལ་བརྟེན་ཡོད་པ་དང་ཁྱིམ་ཚང་ཁག་གི་རྒྱུ་དངོས་བརྒྱ་ཆ་༧༠་ཐམ་པ་ས་ཆ་དང་ཁང་པའི་ནང་དུ་ཐིམ། རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་ནས་འབྱོར་ལྡན་པ་ཚོ་ཕྱི་ལ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མར་ཉི་ཧོང་གི་ནཱི་ཁེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་རྒྱ་ནག་གི་ཕྱུག་བདག་༡༣༨༠༠༠་ཨ་རི་དང་ཁེ་ན་ཌར་ཁྱིམ་གཞིས་སྤོས། རྒྱ་ནག་གི་འབྱོར་ལྡན་པའི་གྲས་སུ་ཉུང་མཐའ་ཡང་ཨ་སྒོར་ས་ཡ་གཅིག་མ་རྩ་ཡོད་པ་རྣམས་ཕྱུག་བདག་ཏུ་བརྩིས། འཛམ་གླིང་གི་འབྱོར་པ་དང་འབྱོར་པའི་གསང་བ་རྩད་གཅོད་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨན་ཌི་རིའུ་ཨ་མོ་ཡེལ་སིས་(Andrew Amoils)་རྒྱ་ནག་གི་ཕྱུག་བདག་མང་ཆེ་བར་ཨ་སྒོར་ས་ཡ་༣༠་ནས་དུང་ཕྱུར་༡༠་ཡས་མས་རེའི་མ་རྩ་འདུག་ཅེས་བཤད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་རྒྱ་མི་འབྱོར་ལྡན་པ་ཚོ་ཅི་ཙམ་ཕྱི་རྒྱལ་དུ་ཤོར་ན་དེ་ཙམ་གྱིས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད། རྒྱ་ནག་གི་ས་ཁང་ཚོང་ལས་འཕེལ་རྒྱས་འགྲོ་མ་ཐུབ་པ་དང་ས་གནས་སྲིད་གཞུང་ཁག་བུ་ལོན་འོག་ནས་མ་ཐར་ཚེ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་མི་ཐུབ་པར་ལོ་མང་འགོར་སྲིད་ཅེས་སྙན་ཐོ་བཏོན།།

ཏོག་དབྱིབས་ནད་ཡམས་དུས་སུ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་རང་གི་དངུལ་སྒོར་ཁྱེར་ནས་ཕྱི་རྒྱལ་དུ་བསྐྱོད་ཐུབ་མེད་ཀྱང་ནད་ཡམས་རྗེས་སུ་འབྱོར་ལྡན་པ་ཚོ་ཕྱི་ལ་གནས་སྤོས་ཀྱི་འགྲན་སྡུར་ཚུགས། འཛམ་གླིང་གི་འབྱོར་པ་དང་འབྱོར་པའི་གསང་བ་རྩད་གཅོད་ཞིབ་འཇུག་ཁང་གི་སྙན་ཐོ་བཏོན་པ་དེའི་ནང་དུ་ཨ་རིར་རྒྱ་ནག་གི་འབྱོར་ལྡན་པ་ཅི་ཙམ་བསླེབས་ཡོད་མེད། འབྱོར་ལྡན་པ་ཚོས་ཨ་རི་བདམས་ནས་ཡོང་དགོས་པའི་རྒྱུ་མཚན་ཅི་ཡིན་བཀོད་མེད་ཀྱང་རྒྱ་ནག་ཏུ་སྡོད་ཐབས་མེད་པ་ངོ་འཕྲོད། རྒྱ་ནག་གི་འབྱོར་ལྡན་པ་དང་འབྱོར་འབྲིང་བ་ཁག་ཅིག་གིས་ཉི་ཧོང་དུ་ཐར་ཐབས་བཙལ། ཉི་ཧོང་གི་རིག་གཞུང་དང་འཚོ་བའི་གོམས་གཤིས་རྣམས་རྒྱ་ནག་པ་ཚོར་མཐུན་གྱི་ཡོད་ཅིང་། དེ་བཞིན་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་དར་ཡུལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མ་ལེ་ཤི་ཡ་དང་སིངྒ་པུར་དུའང་རྒྱ་མི་འབྱོར་ལྡན་པ་ཚོ་གནས་སྤོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG