ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་འགོག་ཁབ་རྫུན་མ་བཟོ་མཁན་མི་༨༠་ལྷག་འཛིན་བཟུང་། 


༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཚོང་ལས་ཀྱི་ལྟེ་གནས་ཧྲང་ཧེ། རྒྱ་ནག་ཤར་ཕྱོགས་ཀྱི་ཧྲན་ཏུང་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན་སོགས་ས་གནས་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མའི་ནག་ཚོང་རྒྱ་ཆེན་པོ་ཞིག་དར། རྒྱ་ནག་གི་ཉེན་རྟོག་པས་འགོག་ཁབ་རྫུན་མ་འཚོང་མཁན་མི་༨༠་ལྷག་འཛིན་བཟུང་དང་སྨན་ཁབ་རྫུན་མ་༣༠༠༠་ལྷག་གཞུང་བཞེས་བཏང་བ་ཡིན་ཞེས་བསྒྲགས་ཀྱང་འགོག་ཁབ་རྫུན་མའི་ནག་ཚོང་དེ་འགོག་ཐུབ་རྒྱུ་ཡིན་མིན་ནི་ཐེ་ཚོམ་དུ་གྱུར། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འགོག་ཁབ་རྫུན་མ་འཚོང་མཁན་གཙོ་བོ་ནི་ཀུང་མའོ་ཟེར་བ་ཞིག་ཡིན་ཞིང་། ཁོ་པས་ན་ནིང་ཕྱི་ཟླ་༩་པ་ནས་ཚྭ་ཆུའི་འགོག་ཁབ་རྫུན་མ་ཞིག་ཚོང་འགྲེམ་བྱེད་འགོ་ཚུགས། ཚྭ་ཆུའི་འགོག་ཁབ་དེ་མིའི་ལུས་ལ་བརྒྱབ་ན་གནོད་པ་ཆེན་པོ་འཕོག་རྒྱུ་ཡིན་པས་ཁྲིམས་འགལ་གྱི་ཉེས་དོན་ཚབས་ཆེན་ཞིག་ཏུ་བརྩིས། རྒྱ་གཞུང་གིས་ཁྲིམས་འགལ་བའི་ལག་ནས་གཞུང་བཞེས་བཏང་བའི་འགོག་ཁབ་རྫུན་མ་རྣམས་ཕྱི་རྒྱལ་ལ་བཙོང་རྒྱུའི་ཆེད་དུ་ཡིན་པ་འདྲ། མང་ཚོགས་ཀྱིས་གཞུང་འབྲེལ་དང་ཚད་ལྡན་གྱི་སྨན་ཁང་ཁག་བརྒྱུད་ནས་འགོག་ཁབ་རྒྱག་དགོས། འགོག་ཁབ་རྫུན་མའི་རིགས་ལ་དོགས་ཟོན་གཟབ་ནན་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་འདུག

རྒྱ་གཞུང་གི་ཁྱབ་བསྒྲགས་དེར་འགོག་ཁབ་རྫུན་མ་དེ་རྣམས་རྒྱལ་ནང་ལ་ཚོང་འགྲེམ་བྱུང་ཡོད་མེད་དང་སྨན་ཁབ་རྫུན་མ་དེར་རིན་གོང་ཅི་ཙམ་བླངས་ཡོད་མེད་རྣམས་གསལ་ཁ་གཏད་མེད་ཅིང་། ༢༠༢༠་ཐམ་པའི་ལོ་མཇུག་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་བསྐྱར་ལོག་བརྒྱབ་སྟེ་མི་མང་ལ་འགོག་ཁབ་ཀྱི་དགོས་མཁོ་ཧ་ཅང་ཆེ་རུ་སོང་། དེར་བརྟེན་རྒྱ་ནག་གི་འགོག་ཁབ་རྒྱག་ས་ཁག་ཅིག་གིས་ཨ་སྒོར་༡༥༠༠་རེ་བླངས་ནས་སྨན་ཁབ་བརྒྱབ་པའི་གནས་ཚུལ་ཐོན། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་དེ་དག་གིས་རང་རང་གི་སྨན་ཁབ་ཀྱི་ཕན་ནུས་གཞི་གྲངས་སྤར་བ་དང་འགོག་ཁབ་དེ་ཕྲུ་གུ་ཆུང་ཆུང་ལ་འཕྲོད་ཀྱི་མེད་པ་སྦ་གསང་། རྒྱ་ནག་གི་འགོག་ཁབ་དེ་ཚོས་ནད་དུག་འགོག་ཐུབ་ཀྱི་མེད་པ་བཅས་ལ་བརྟེན་ནས་འབྱོར་ལྡན་པ་ཚོས་ཨ་རི་དང་དབྱིན་ཇི། འཇར་མན་ཎི་བཅས་ཀྱིས་བཟོས་པའི་འགོག་ཁབ་ཐོབ་ཐབས། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་རྒྱལ་ནང་ལ་འགོག་ཁབ་རྫུན་མའི་ནག་ཚོང་དར་ན་རང་ལ་ཆབ་སྲིད་ཀྱི་མཇུག་འབྲས་ངན་པ་ཞིག་སྨིན་སྲིད་ཅེས་འཇིགས་སྣང་བྱེད་དགོས་པ་ཞིག་ཏུ་གྱུར། འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་རང་གི་མི་དམངས་ལ་འགོག་ཁབ་རྒྱག་ཐབས་བྱེད་ཀྱི་ཡོད་པ་དང་མི་དམངས་ལ་འགོག་ཁབ་རྒྱག་དགོས་པའི་སྐུལ་ལྕག རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྔོན་ལ་འགོག་ཁབ་བརྒྱབ་ནས་མི་དམངས་ལ་འགོག་ཁབ་རྣམས་བདེ་འཇགས་ཡིན་པའི་མིག་དཔེ་སྟོན་གྱི་ཡོད་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་རང་ལ་འགོག་ཁབ་རྒྱག་གི་མེད་པར་མ་ཟད། རྒྱ་ནག་མི་དམངས་ལའང་འགོག་ཁབ་རྒྱག་དགོས་པའི་སྲིད་ཇུས་ནན་པོ་ཞིག་ལག་ལེན་བསྟར་གྱི་མེད་པ་སྟེ། ད་ལྟའི་བར་དུ་རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ལྷག་ཡོད་པ་དེའི་གྲས་ཀྱི་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ལས་བྱེད་པ་སོགས་ནད་ཡམས་ཀྱི་མདུན་སར་ཐོན་པའི་ལས་བྱེད་པ་༢༤༠༠༠༠༠༠་ལ་མ་གཏོགས་འགོག་ཁབ་མ་བརྒྱབ། རྒྱ་ནག་གི་ལོ་སར་བར་དུ་སྨན་པ་དང་སྨན་ཞབས་པ་སོགས་འཕྲོད་བསྟེན་ལས་སྣེ་མི་གྲངས་བྱེ་བ་༥་ལ་འགོག་ཁབ་བརྒྱབ་ཚར་རྒྱུའི་དམིགས་ཚད་བཟུང་འདུག

རྒྱ་ནག་གི་སྤྱི་བདེ་ལྷན་ཁང་ཁག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། པེ་ཅིང་གྲོང་ཁྱེར་གྱི་ཉེན་རྟོག་རུ་ཁག་རྣམས་དང་ཅང་སུའུ་ཞིང་ཆེན་། ཧྲན་ཏུང་ཞིང་ཆེན་དང་ས་གནས་གཞན་གྱི་ཉེན་རྟོག་རུ་ཁག་རྣམས་མཉམ་འབྲེལ་གྱིས་འགོག་ཁབ་རྫུན་མ་བཟོ་སྐྲུན་དང་ཚོང་འགྲེམ་བྱེད་མཁན་རྣམས་རྩད་གཅོད་བྱས་པ་ཡིན། རྒྱ་ནག་གི་ས་གནས་འདྲ་མིན་གྱི་ཉེན་རྟོག་རུ་ཁག་རྣམས་མཉམ་འབྲེལ་བྱས་ནས་འགོག་ཁབ་རྫུན་མ་བཟོ་སྐྲུན་དང་ཚོང་འགྲེམ་བྱེད་མཁན་རྣམས་རྩ་མེད་བཏང་ཡོད། ཁྲིམས་འགལ་བའི་འབྲེལ་ཐག་བཅད་ཡོད། ཐེངས་འདིའི་ནག་ཚོང་བཀག་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་སོང་ཞེས་བསྒྲགས། རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་འགའ་ཞིག་གི་ཉེན་རྟོག་པ་ཚོ་མཉམ་འབྲེལ་བྱས་ནས་འགོག་ཁབ་རྫུན་མ་བཟོ་མཁན་དང་ཚོང་འགྲེམ་བྱེད་མཁན་རྣམས་འཛིན་བྱ་དགོས་ཐུག་པ་དེར་གཞིགས་ཚེ། རྒྱ་ནག་གི་སྤྱི་ཚོགས་སུ་འགོག་ཁབ་རྫུན་བཟོ་དང་ཚོངའགྲེམ་གྱི་ནག་ཚོང་ཤུགས་ཆེན་པོ་ཞིག་དར་ཡོད་པ་མཚོན་ཐུབ། ལྷག་པར་དུ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་དངུལ་སྒོར་ཕངས་མེད་བཏང་ནས་ཕྱི་རྒྱལ་གྱི་འགོག་ཁབ་ཚད་ལྡན་རྣམས་ཐོབ་ཐབས་བྱེད་ཀྱི་ཡོད་པས་སྐྱེ་བོ་མང་དག་ཅིག་འགོག་ཁབ་རྫུན་མའི་གཡོ་འོག་ཏུ་ཚུད་ཡོད་པའི་ཉེན་ཁ་ཤིན་ཏུ་ཆེ། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་འགོག་ཁབ་རྫུན་མ་བཟོ་མཁན་གཙོ་བོ་ཀུང་མའོ་དང་རོགས་པ་ཁག་ཅིག་ལ་འདྲི་གཅོད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁོ་ཚོས་ན་ནིང་ཕྱི་ཟླ་༩་པ་ནས་འགོག་ཁབ་རྫུན་མ་བཙོངས་ནས་ཁེ་སང་ཆེན་པོ་བླངས། ཀུང་མའོ་སོགས་ཀྱིས་བཟོས་པའི་འགོག་ཁབ་རྫུན་མ་རྣམས་གཞུང་བཞེས་བཏང་བའམ། ཡང་ན་འགོག་ཁབ་རྫུན་མ་དེ་རྣམས་ཕྱི་རྒྱལ་ལ་བཙོང་རྒྱུའི་དམིགས་ཡུལ་རེད་ཅེས་བཀྲལ། འོན་ཀྱང་རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་ཀུང་མའོ་སོགས་ཀྱིས་སྔ་ལོའི་ཕྱི་ཟླ་༩་པ་ནས་བཙོངས་པའི་འགོག་ཁབ་རྫུན་མ་རྣམས་རྒྱལ་ཁབ་གང་དུ་བཙོངས་ཡོད་མེད། ཁོ་ཚོས་ཁེ་སང་ཆེན་པོ་ལེན་ཡུལ་དེ་རྒྱ་ནག་ནང་ཁུལ་དང་ཕྱི་རྒྱལ་གཉིས་ཀྱི་གང་ཡིན་མིན་སོགས་ལ་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་མེད་པ་རེད།།

རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁྲོམ་དུ་བཙོང་གི་ཡོད་པའི་འགོག་ཁབ་ལ་རྟག་ཏུ་བརྟག་དཔྱད་བྱེད་ཀྱི་ཡོད། འགོག་ཁབ་ཁག་ཅིག་ལ་བརྟག་དཔྱད་ལན་མང་བྱས་པའི་རྗེས་སུ་ཚད་ལྡན་གྱི་སྨན་སྦྱོར་བཟོ་ཚོང་ཁང་དེ་དག་གིས་བཟོས་པའི་འགོག་ཁབ་མིན་པ་ཤེས་རྟོགས་ཐུབ་ཀྱི་འདུག མི་དམངས་ཀྱིས་དོགས་པ་ཡོད་པའི་འགོག་ཁབ་རྣམས་ས་གནས་གང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པ་མཐོང་ཐོས་བྱུང་ན་འཕྲལ་དུ་ཁ་པར་ཨང་གྲངས་༡༡༠་མནན་ནས་འབྲེལ་ཡོད་ཚན་པ་ཁག་ལ་སྙན་གསེང་ཞུ་དགོས་ཞེས་བཤད། ཧྲང་ཧེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འགོག་ཁབ་ཉམས་ཞིབ་མཁས་པ་ཏའོ་ལི་ན་ཞེས་པ་ཞིག་གིས་རྒྱ་ནག་གི་འགོག་ཁབ་ཚང་མའི་སྟེང་དུ་ཐུན་མོང་མ་ཡིན་པའི་ཨང་གྲངས་རེ་ཡོད། སྨན་པ་དང་སྨན་ཞབས་པ་ཚོས་ངེས་པར་དུ་མི་ལ་འགོག་ཁབ་མ་བརྒྱབ་གོང་དུ་འགོག་ཁབ་དེའི་ཐུན་མོང་མ་ཡིན་པའི་ཨང་རྟགས་བཤེར་ནས་བརྟག་དཔྱད་བྱ་དགོས་པའི་ལམ་སྟོན་བྱས་འདུག ཉམས་ཞིབ་པ་ཚོས་རྒྱ་ནག་ལ་ཕན་ནུས་ཅན་གྱི་འགོག་ཁབ་ཅིག་མེད་པ་དང་རྒྱ་ནག་གི་ས་གནས་གང་ཞིག་ལ་ཏོག་དབྱིབས་ནད་དུག་གསར་དུ་ཁྱབ་ན་ས་གནས་དེའི་མི་གྲངས་ས་ཡ་མང་པོ་རང་ཁྱིམ་ལ་བཙོན་པ་ལྟར་བཅུག་ནས་རིམས་ནད་སྔོན་འགོག་བྱ་དགོས་པར་བརྟེན། རྒྱ་ནག་གི་འགོག་ཁབ་རྫུན་མའི་ནག་ཚོང་དེ་འགོག་དཀའ། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་རང་གི་འགོག་ཁབ་དེ་ཚོར་ཕན་ནུས་བརྒྱ་ཆ་༧༨་ཡོད་ཟེར། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དང་ཏུར་ཀི་རྒྱལ་ཁབ་སོགས་ལ་རྒྱ་ནག་གི་འགོག་ཁྱབ་བཀྲམ་ནས་ཚོད་ལྟ་བྱས་པའི་གྲུབ་འབྲས་ལྟར་ན། རྒྱ་ནག་གི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༥༠་༣༨་ལས་མ་ཐོན། རྒྱལ་ཁབ་ཁག་ཅིག་གིས་འགོག་ཁབ་ཉོ་ས་གཞན་པ་རག་ན་རྒྱ་ནག་གི་འགོག་ཁབ་རྒྱག་རྒྱུ་ངང་འཐེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་ལ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་འགོག་ཁབ་རྫུན་མའི་ནག་ཚོང་སྐོར་འདྲི་རྩད་ནན་པོ་བྱས་ཤིང་། རྒྱ་ནག་གི་འགོག་ཁབ་རྫུན་མ་དེ་རྣམས་ཕྱིའི་རྒྱལ་ཁབ་གང་གང་ལ་ཁྱབ་ཡོད་མེད་དྲིས་ཀྱང་ཝང་ཝེན་པིན་གྱིས་ང་ཚོས་འགོག་ཁབ་ཉེན་ཁ་མེད་པ་ཞིག་ཚོང་འགྲེམ་བྱེད་ཐབས་ལ་འབད་བརྩོན་ཤུགས་ཆེན་བྱེད་བཞིན་ཡོད། རྒྱ་ནག་གིས་སྔར་བཞིན་འགོག་ཁབ་རྫུན་མའི་ནག་ཚོང་གི་རིགས་རྩ་མེད་གཏོང་ཐབས་བྱ་རྒྱུ་ཡིན། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལའང་མཉམ་འབྲེལ་བྱས་ནས་འགོག་ཁབ་རྫུན་མ་ཁྱབ་གདལ་མི་འགྲོ་བའི་ཤུགས་སྣོན་རྒྱག་གི་ཡོད་ཟེར། ཁོ་པས་འགོག་ཁབ་རྫུན་མའི་ནག་ཚོང་སྐོར་ཞིབ་ཕྲ་ཞིག་མ་བཤད། ༢༠༡༦་ལོར་རྒྱ་ནག་གི་ནག་ཚོང་རྒྱག་མཁན་ཚོས་འགོག་ཁབ་སྐྱོན་ཅན་ས་ཡ་མང་པོ་ཚོང་འགྲེམ་བྱས་པའི་གནས་ཚུལ་ཐོན། དེར་བརྟེན་རྒྱ་ནག་གི་ཚའེ་ཤུན་དུས་དེབ་ཀྱི་གསར་འགོད་པས་མི་དམངས་ལ་སྐད་ཆ་དྲིས་པའི་གྲུབ་འབྲས་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༤་ལྷག་གིས་རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་འགོག་ཁབ་ལ་ཡིད་ཆེས་མེད། གལ་སྲིད་ཕྱི་རྒྱལ་གྱི་ཚད་ལྡན་འགོག་ཁབ་ཅིག་འཐོབ་ན་སྨན་ཁབ་རྒྱག་འདོད་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་རྒྱལ་ཁབ་༢༧་ལ་འགོག་ཁབ་བཙོངས་པ་དང་བུ་ལོན་བཞག་ནས་བཙོངས་པ། རྒྱལ་ཁབ་ཁག་ཅིག་ལ་རིན་པ་མེད་པར་འགོག་ཁབ་སྤྲོད་ཀྱི་ཡོད་ཀྱང་རྒྱ་ནག་གི་རྒན་རྒན་ཚོར་འགོག་ཁབ་དེ་མ་བརྒྱབ་པར་ལོ་༡༨་ནས་༥༩་བར་གྱི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་སྣེ་ཚོར་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ད་སྔ་རྒྱ་ནག་ལ་འགོག་ཁབ་རིགས་མ་འདྲ་བ་བཞི་ཡོད་ཟེར་གྱི་ཡོད་པ་དེའི་གཅིག་མི་དམངས་དཀྱུས་མ་ཚོར་རྒྱག་གི་ཡོད་པ་དང་གཅིག་རྒྱ་ནག་གི་དམག་ལ་རྒྱག་རྒྱུ། འགོག་ཁབ་གཞན་པ་གཉིས་ལ་སྐད་ཆ་གསལ་པོ་ཞིག་གོ་རྒྱུ་མེད་པ་རེད།།

XS
SM
MD
LG