ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་ཏུ་རོ་སྒམ་གྱི་ཚོང་ལས་དར་འཕེལ། 


༄༅།། རྒྱ་ནག་གི་གྲོང་ཁྱེར་ཁག་ནས་གྲོང་གསེབ་ཏུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་སོང་། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་རྒན་རྒོན་གཙོས་མི་མང་པོར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འཕོག་གི་ཡོད་པའི་དཔང་རྟགས་རྙེད། ཕྱི་ཟླ་དང་པོའི་ཚེས་༢༥་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཧྲན་ཤི་ཞིང་ཆེན་གྱི་ཞིན་ཀྲུག་གྲོང་ཁྱེར་གྱི་ས་གནས་ཁག་ཏུ་རོ་སྒོམ་བཟོ་མཁན་ཚོས་ཤིང་སྡོང་གསར་པ་བཅད་ནས་རོ་སྒམ་བཟོས། རོ་སྒམ་གྱི་སྟེང་དུ་རི་མོ་བརྐོས་ཏེ་ལས་བྲེལ་ལངས་པ་དང་རྒྱ་ནག་གི་ཁྲོམ་རའི་ནང་དུ་རོ་སྒམ་དང་རོ་ཐུམ་གྱི་རིན་གོང་ལྡབ་མང་པོ་འཕར་ཡོད་པ་གསར་འགོད་པས་དངོས་སུ་མཐོང་ཞིང་། ཞིན་ཀྲུག་ས་གནས་ཀྱི་རོ་སྒམ་བཟོ་མཁན་ཚོས་འདས་པའི་ཟླ་བ་རེ་ཟུང་ཞིག་ལ་ང་ཚོར་ལས་བྲེལ་ཆེན་པོ་བྱུང་སྟེ་གཏན་ནས་ངལ་གསོ་རྒྱག་ལོང་ཞིག་བྱུང་མ་སོང་ཞེས་བཤད། གྲོང་གསེབ་པ་ཞིག་གིས་གསར་འགོད་པར་རོ་སྒམ་བཟོས་པ་རྣམས་འཕྲལ་དུ་བཙོངས་ཚར་ཏེ་ཉོ་རྒྱུ་རག་གི་མི་འདུག དེང་སྐབས་རོ་སྒམ་བཟོ་མཁན་དང་པུར་ཁང་། པུར་སྲེག་ཁང་སོགས་ལ་ཚོང་ལས་ཀྱི་ལམ་འགྲོ་བརྒྱུགས་ཏེ་ཁེ་སང་ཆེན་པོ་ཐོབ་ཀྱི་འདུག་ཅེས་སྐྱོ་སྣང་གི་སྒོ་ནས་སྡུག་སྐད་བརྒྱབ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་ཅི་ཙམ་ཤི་ཡོད་མེད་ཀྱི་གྲངས་འབོར་ངོ་མ་དེ་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་ཀུན་གྱིས་རྒྱ་ནག་གི་འཆི་སྐྱོན་གྲངས་འབོར་ཚོད་དཔག་བྱ་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གི་ནད་ཡམས་བརྟག་དཔྱད་རིག་པ་བ་ཝུ་ཙུན་ཡུག་གིས་ཕྱི་ཟླ་༡༢་པའི་ཚེས་༧་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱས་ཤིང་། དེ་ནས་བཟུང་སྟེ་རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་པ་དེའི་ཁོངས་ནས་མི་འབོར་བརྒྱ་ཆ་༨༠་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་སྨྲས། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་མི་༡༣༠༠༠་ལ་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་སོང་ཞེས་བསྒྲགས། དེའི་སྔོན་དུ་རྒྱ་ནག་གཞུང་གིས་ཕྱི་ཟླ་༡༢་པའི་ཚེས་༨་ནས་ཕྱི་ཟླ་དང་པོའི་ཚེས་༡༢་བར་དུ་མི་ཁྲི་ཚོ་༦་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་སོང་ཞེས་གསལ་བསྒྲགས་སྤེལ། རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་འཆི་སྐྱོན་གྱི་གྲངས་འབོར་དེ་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བའི་ནད་པའི་གྲོངས་འབོར་ཡིན་པ་ལས་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་འཆི་སྐྱོན་འབྱུང་གི་ཡོད་པའི་འདས་པོ་རྣམས་གཞུང་གི་གྲངས་ཐོའི་ནང་དུ་མ་ཚུད། གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་གྲངས་ཁ་མེད་སྣ་མེད་གྲོངས་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་གྲོང་གསེབ་ཁག་ཏུ་མི་ཅི་ཙམ་ཤི་ཡོད་མེད་ཀྱི་ཚོད་དཔག་གི་གྲངས་ཐོ་ཞིག་ཀྱང་ལེན་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

བྷི་བྷི་སི་གསར་ཁང་གི་གསར་འགོད་པ་པུར་སྲེག་ཁང་ཞིག་ལ་ལྟ་སྐོར་དུ་བསྐྱོད་སྐབས་མྱང་གོས་དཀར་པོ་གྱོས་པའི་མི་ཚོས་འདས་པོ་རྣམས་ཀྱི་ཕུང་པོ་འཁྱེར་ཡོང་གི་ཡོད་པ་དང་པུར་སྲེག་ཁང་གི་ལས་མི་ཚོར་ལས་བྲེལ་ལངས། གྲོང་གསེབ་གཞན་པ་ཞིག་ཏུ་སྐྱེས་པ་ཞིག་དང་བུད་མེད་ཅིག་གིས་རླངས་འཁོར་གྱི་རྒྱབ་ལོགས་སུ་ཤོག་གུས་བཟོས་པའི་འཁྲུང་འཁྲུང་ཆེན་པོ་ཞིག་བཞག རྒྱ་མོ་དེས་གསར་འགོད་པར་ཚེ་ཕྱི་མའི་ཡུལ་དུ་འདས་པོར་འཁྲུང་འཁྲུང་བཞོན་ས་དགོས་ཀྱི་རེད་ཅེས་ཤོག་དཀར་གྱིས་བཟོས་པའི་འཁྲུང་འཁྲུང་དེའི་དགོས་མཁོ་བཤད། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་དུར་འཇུག་ལ་མཁོ་བའི་ཤོག་གུས་བཟོས་པའི་མཆོད་ཆས་དང་གཤིན་པོའི་དངུལ་ལོར་དཔར་སྐྲུན་གྱི་ཚོང་ལས་ནི་དུས་རྒྱུན་ལས་ལྡབ་གསུམ་འཕར། གསར་འགོད་པས་ང་ཚོར་ཧྲན་ཤི་ཞིང་ཆེན་གྱི་ཞིན་ཀྲུག་ས་གནས་སུ་ཐུག་པའི་མི་ཚང་མའི་ཁྱིམ་ཚང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ནས་མི་མ་ཤི་བའི་གཅིག་ཀྱང་མི་འདུག ཝང་པེ་ཝེ་ཞེས་པ་ཞིག་གིས་ངའི་སྙིད་མོ་གྲོངས་སོང་། ངས་ཁོ་མོར་དུར་འཇུག་ཡག་པོ་ཞིག་བྱ་དགོས། ཁོ་མོ་ལོ་༥༠་ང་གྲངས་ཤིག་ཡིན་པ་དང་ཕྲུ་གུ་གཉིས་ཀྱི་ཨ་མ་རེད། ཁོ་མོར་གཅིན་སྙིའི་ན་ཚ་ཕོག་ནས་ལོ་མང་ཡིན་ཞིང་། ཉེ་ཆར་མོ་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཚ་བ་འཕར། དེ་ནས་ལུས་ཟུངས་ཉམས་ཏེ་དབང་པོ་ཁག་གིས་བྱེད་ལས་མ་བསྒྲུབས་པར་གྲོངས་པ་རེད་ཅེས་བཀྲལ། སྐྱེས་པ་གཞན་ཞིག་གིས་མི་ཁག་ཅིག་ལུས་ཟུངས་ཞན་དྲགས་ཏེ་ཏོག་དབྱིབས་ནད་དུག་ལ་གདོང་ལེན་བྱེད་ཐུབ་ཀྱི་མི་འདུག་ཟེར། ལོ་ལྟར་རྒྱ་ནག་གི་གྲོང་གསེབ་ཁག་ནས་ན་གཞོན་དུང་ཕྱུར་མང་པོ་གྲོང་ཁྱེར་ཁག་ལ་ལས་ཀ་འཚོལ་དུ་སོང་། ཁོ་ཚོ་རྒྱ་ནག་གི་ལོ་སར་དུས་སུ་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པས་གྲོང་གསེབ་ཁག་ཏུ་སྤང་ལ་མེ་ཤོར་བ་ལྟར་ཏོག་དབྱིབས་ནད་དུག་ཁྱབ། སྨན་པ་ཏུང་དབྱོང་མིང་ཞེས་པ་ནི་གྲོང་གསེབ་ཀྱི་སྨན་པ་ཞིག་ཡིན་པ་དང་ཁོ་པས་ཉུང་མཐའ་ཡང་རང་གི་གྲོང་གསེབ་དེའི་གྲོང་མི་བརྒྱ་ཆ་༨༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་འདུག གྲོང་གསེབ་པ་ཚང་མར་ཏོག་དབྱིབས་ནད་དུག་འགོས་ནས་འདིར་ཡོང་གི་འདུག ང་ཚོའི་ས་གནས་འདིར་སྨན་ཁང་ཆུང་ཆུང་འདི་ལས་མེད། སྔོན་མ་ནས་ན་ཚ་ཡོད་པའི་རྣམས་ཤི་ཚར་སོང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

སྨན་པ་ཏུང་གིས་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ནད་པ་ངོ་མ་མིན་ན་སྨན་འཚོང་གི་མེད། ངས་ནད་པ་རེར་ཟུག་གཅོག་རིལ་བུ་༤་ལས་སྤྲོད་ཀྱི་མེད། ཁོ་ཚོར་སྒམ་ཆུང་གཉིས་རེ་དགོས་ཀྱི་མ་རེད། སྨན་འདང་གི་མེད་པའི་དུས་སུ་སྒམ་ཆུང་མང་པོ་སྤྲད་ན་སྨན་འཕྲོ་བརླག་རེད། ང་ཚོར་ཉེ་དུས་ཤིག་ནས་ནད་པ་ཇེ་ཉུང་དུ་ཕྱིན་སོང་། ད་ནི་ནད་དུག་ཁྱབ་གདལ་གྱི་ངར་སྒར་དེ་ཡོལ་ཟིན་པ་འདྲ་ཞེས་རེ་ལྟོས་འཆང་། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་གིས་ཤི་བའི་འདས་པོ་རྣམས་རང་རང་གི་ས་ཞིང་ཐོག་ཏུ་སྤས། དེ་ནས་མེས་པོའི་དུར་སའི་ཐོག་ཏུ་ལོ་ཏོག་བཏབ་སྟེ་ཕྱུགས་ཟོག་འཚོས། གསར་འགོད་པ་རླངས་འཁོར་ནང་དུ་ཕྱིན་པའི་སྐབས་སུ་རྒྱ་ལམ་གཡས་གཡོན་གཉིས་སུ་དུར་ས་མང་པོ་བརྐོས་ནས་སྟེང་དུ་དར་ཆ་དམར་པོ་བཙུགས། ཞིང་པ་ར་རྫི་ཞིག་གིས་ཁྱིམ་ཚང་མང་པོའི་རྒན་རྒོན་རྣམས་གྲོངས་ནས་དུར་འཇུག་བྱེད་ཀྱི་འདུག མི་ཧ་ཅང་མང་པོ་གྲོངས་ཀྱི་ཡོད་པ་དང་ང་ཚོའི་གྲོང་གསེབ་ལ་མི་སྟོང་ཕྲག་འགའ་ཞིག་ཡོད་པ་དེའི་ཁོངས་ནས་མི་བརྒྱ་ཆ་༤༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་སོང་། དེ་རིང་མི་འདི་ཤི་ན་སང་ཉིན་མི་གཞན་པ་ཞིག་འཆི་ཡི་འདུག མི་ལ་འཆི་སྐྱོན་འཕོག་རྒྱུ་མཚམས་ཆད་ཀྱི་མི་འདུག གྲོང་གསེབ་ཁག་ཏུ་སྐྱེ་འཆི་ལ་ལྟ་ཚུལ་མ་འདྲ་བ་ཞིག་ཡོད་པས་མི་གྲོངས་ཀྱི་ཡོད་ཀྱང་ལོ་སར་གྱི་དགའ་སྟོན་ལ་རོལ་གྱི་རེད། ངའི་བུ་དང་མནའ་མི་གཉིས་ལོ་སར་ལ་ཡོང་ཡོད་ཅེས་དགའ་སྣང་བསྟན། གསར་འགོད་པས་ཞིང་པ་ར་རྫི་དེར་བཟའ་མི་ཇེ་མང་དུ་ཕྱིན་ན་ནད་དུག་འགོ་རྒྱུའི་ཉེན་ཁ་ཆེ་བ་མེད་དམ་ཞེས་དྲིས། རྒད་པོ་དེས་ང་ཚོ་དེ་ལ་སེམས་ཁྲལ་མེད། ང་ཚོ་ལོགས་སུ་སྐུང་ནས་བསྡད་ཀྱང་ནད་དུག་ནི་འགོ་ས་རེད། ང་ཚོ་མང་ཆེ་བར་ནད་དུག་འགོས་ཟིན་པ་དང་ད་ལྟ་བདེ་ཐང་ཡིན་ཞེས་ལན་བཏབ། ཞིང་པ་ར་རྫི་དེ་དང་གྲོང་གསེབ་པ་མང་ཆེ་བས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཤོས་ཀྱི་དུས་སྐབས་དེ་ཡོལ་ཟིན་པ་རེད་བསམས། ཁོ་ཚོའི་ནུས་ཤུགས་ཡོད་ཚད་འདས་པོ་དུར་འཇུག་བྱ་རྒྱུའི་ཚབ་ཏུ་རང་ཉིད་འཚོ་གནས་བྱ་རྒྱུ་དེར་གཏོང་དགོས་རྒྱུ་གནད་འགག་ཆེན་པོར་རྩི་བཞིན་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་ལོ་སར་རྗེས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་རྒྱུ་དང་ནད་རླབས་གསར་པ་ཞིག་འཕྱུར་ནས་མི་ལ་ནད་མནར་དང་འཆི་སྐྱོན་འཕོག་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་རང་བྱུང་སྨན་གྱི་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་འདིའི་ཟླ་མཇུག་བར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གྲོང་མི་བརྒྱ་ཆ་༩༢་ལ་ཏོག་དབྱིབས་ནད་དུག་འགོ་རྒྱུ་ཡིན་ཞིང་། ཧོང་ཀོང་སློབ་གྲྭ་ཆེན་མོས་ཕྱི་ཟླ་༡༢་པའི་ཚེས་༢༢་ཀྱི་མཚམས་སུ་པེ་ཅིང་བ་བརྒྱ་ཆ་༧༦་ལ་ནད་དུག་འགོས་ཟིན་ཡོད་པ་དང་དེང་སྐབས་རྒྱ་ནག་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ནི་BF.7་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཨོ་མཱི་ཀོ་རོན་ཡིན་པས་མི་གཅིག་གིས་མི་གཞན་པ་༣.༤༤་ལ་བགོ་ཐུབ། ཕྱི་ཟླ་༡༢་པའི་ཚེས་༡༡་ནས་ཕྱི་ཟླ་དང་པོའི་ཚེས་༣༡་བར་དུ་རྒྱ་ནག་ལ་ཉིན་ལྟར་ཆ་མཉམ་མི་གྲངས་དུང་ཕྱུར་༡་དང་འབུམ་༣་རེར་ཏོག་དབྱིབས་ནད་དུག་འགོ་ས་རེད། དེས་ན་རྒྱ་ནག་གཞུང་གིས་སླར་ཡང་ནད་པ་རྩད་གཅོད་དང་རྟོག་ཞིབ་བྱ་རྒྱུ་བསྐྱར་དུ་འགོ་འཛུགས་དགོས་ཀྱི་འདུག་ཅེས་བསྟན། རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གིས་བདུན་ཕྲག་སྔོན་མར་སྨན་ཁང་༦༨༡་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༡༩༧༧་ཤི་སོང་ཞེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ལོ་གསུམ་ལ་སྒོ་རྒྱ་བསྡམས། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཏུ་མ་བཅུག་པར་བསྡད་ཀྱང་སྨན་ཁབ་ནུས་ལྡན་ཞིག་བཟོ་མ་ཐུབ། ཕྱི་རྒྱལ་གྱི་སྨན་ཁབ་ནང་འདྲེན་བྱས་ནས་རྒྱ་ནག་མི་དམངས་ལ་སྨན་ཁབ་བརྒྱབ་སྟེ་རིམ་བཞིན་འཛམ་གླིང་སྤྱི་མཚུངས་ལྟར་ནད་འགོག་སྲིད་ཇུས་ལྷུག་ཡངས་སུ་གཏོང་མ་ཐུབ། དེར་བརྟེན་ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་གློ་བུར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་རྣམས་མཚམས་བཞག་སྟེ་ནད་དུག་ཁྱབ་ཏུ་བཅུག རྒྱ་ནག་གི་མི་འབོར་བརྒྱ་ཆ་༩༠་ཡས་མས་ཤིག་ལ་ནད་དུག་སྔོན་འགོག་གི་སྨན་ཁབ་ནུས་ལྡན་ཞིག་རྒྱག་ཐུབ་མི་འདུག ལྷག་པར་དུ་རྒྱ་ནག་མི་དམངས་ལ་ཨོ་མཱི་ཀོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་འགོག་ཐབས་ཀྱི་སྨན་ཁབ་མི་འདུག རྒྱ་ནག་གཞུང་གིས་མི་འབོར་བརྒྱ་ཆ་༨༩་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་རེ་བརྒྱབ་ཀྱང་ཤུགས་སྐྱེད་སྨན་ཁབ་གསུམ་པ་དང་བཞི་པ་རྣམས་རྒྱག་མ་ཐུབ། རྒྱ་ནག་གིས་བཟོས་པའི་སྨན་ཁབ་གཉིས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ནུས་པ་ཤིན་ཏུ་ཆུང་བས་མི་འབོར་བརྒྱ་ཆ་༥་ཡས་མས་ཤིག་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆ་ཚང་བརྒྱབ་མེད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་འཕྲོད་བསྟེན་ཉམས་ཞིབ་ཁང་གིས་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ས་ཡ་༣་རེ་འབྱུང་གི་འདུག ༢༠༢༣་ལོ་འདིར་རྒྱ་ནག་མི་མང་ས་ཡ་༡་དང་འབུམ་༦་ཙམ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་ཉེན་ཆེ་ཞེས་ཞིབ་འཇུག་སྙན་ཐོ་བཏོན། དབྱིན་ཇིའི་ཨེར་ཧྥི་ཎི་ཊི་ཞིབ་འཇུག་ཁང་གིས་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༤་རེ་འབྱུང་གི་འདུག ལོ་འདིར་རྒྱ་ནག་མི་མང་ས་ཡ་༢་དང་འབུམ་༡་ཡས་མས་ཤིག་ཏོག་དབྱིབས་ནད་དུག་གིས་འཆི་ས་རེད། ཕྱི་ཟླ་༣་པའི་ནང་དུ་རྒྱ་ནག་ལ་ཏོག་དབྱིབས་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཤོས་དེར་འབྱུང་ཤས་ཆེ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་རྩ་མེད་ནམ་ཡང་གཏོང་མི་ཐུབ། དབྱིན་ཡུལ་གྱི་མི་འབོར་བརྒྱ་ཆ་༨༠་ནས་༩༥་ཙམ་ལ་སྔོན་འགོག་སྨན་ཁབ་ཆ་ཚང་བརྒྱབ་ཀྱང་ནད་དུག་རྩ་མེད་ཕྱིན་མི་འདུག ཏོག་དབྱིབས་ནད་དུག་གི་ངོ་བོ་འགྱུར་ནས་ནད་དུག་གསར་པ་ཐོན་ན་སྨན་ཁབ་ཁག་གིས་གོ་མི་ཆོད་པར་སྨན་ཁབ་གསར་པ་བཟོ་དགོས་ཤིང་། རྒྱ་ནག་གཞུང་གིས་མི་དམངས་ལ་ཏོག་དབྱིབས་ནད་དུག་འགོ་རུ་བཅུག་སྟེ་ནད་ཡམས་འགོག་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་ཚེ། དེ་ནི་ནམ་ཡང་འགྲུབ་ཐུབ་རྒྱུ་ཞིག་མིན་པ་དང་རྒྱ་ནག་གི་ན་གཞོན་ཁག་ཅིག་གིས་ཆེད་མངགས་རང་ལ་ཏོག་དབྱིབས་ནད་དུག་འགོ་རུ་བཅུག་སྟེ་ཤི་བ་རེད། རྒྱ་ནག་གིས་ངེས་པར་དུ་རྒྱལ་ཁབ་གཞན་ལ་མིག་དཔེ་བལྟས་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་བྱ་དགོས་ཞེས་གནས་ཚུལ་སྤེལ། ཁ་སང་གཟའ་མིག་དམར་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འདས་པའི་ཟླ་བ་གཉིས་ཀྱི་ནང་དུ་འཛམ་གླིང་ཡོངས་སུ་མི་འབུམ་༡་དང་ཁྲི་༧་ལྷག་ཏོག་དབྱིབས་ནད་དུག་གིས་ཤི་བའི་ཐོ་དགོད་བྱུང་འདུག དོན་དངོས་ཀྱི་འཆི་སྐྱོན་གྲངས་འབོར་ནི་དེ་བས་ཀྱང་མང་བ་ཡོད་ངེས་རེད། ང་ཚོས་འགྱུར་འགྲོས་འདི་ཚབས་ཆེན་ཞིག་ལ་རྩི་ཡི་མེད་ཀྱང་དེ་ལ་དོགས་ཟོན་བྱ་དགོས་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་མང་པོའི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་གསལ་བསྒྲགས་སྤེལ། ༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། འཛམ་གླིང་ཡོངས་སུ་མི་ས་ཡ་༦་དང་འབུམ་༧་ལ་འཆི་སྐྱོན་དང་མི་དུང་ཕྱུར་༦་དང་བྱེ་བ་༦་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG