ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྫུན་གྱི་འཁོར་ལོ་བསྐོར་བ་ནི་རྒྱ་ནག་དམར་ཤོག་གཞུང་གི་དམིགས་གསལ་ཁྱད་ཆོས་ཤིག་རེད།


རྒྱ་་ནག་དམར་ཤོག་ཚོགས་པས་ནམ་རྒྱུན་ནས་དོན་དངོས་གནས་ཚུལ་སྦས་གསང་བྱེད་ནས་འཁྱོག་བརྗོད་འདྲ་མིན་བྱེད་པ་དང་། རྫུན་གྱི་འཁོར་ལོ་བསྐོར་བ་སོགས་ཀྱི་བྱེད་སྟངས་ནི་རྒྱ་ནག་དམར་ཤོག་གཞུང་གི་དམིགས་གསལ་ཁྱད་ཆོས་ཤིག་དང་ཚོགས་པ་དེའི་ངོ་བོ་ཉིད་དུ་གྱུར་ཡོད་ཅེས་རྒྱ་ནག་གནད་དོན་སྐོར་གྱི་ཆེད་མཁས་པ་ཚོས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་དམར་ཤོག་གཞུང་གིས་ན་ནིང་ལོའི་སྤྱི་ཟླ་༡༢ པའི་ནང་གློ་བུར་དུ་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ཕྱིར་བསྡུ་བྱས་ནས་ད་བར། རྒྱ་ནག་ནང་ཏོག་དབྱིབས་ནད་པ་ཁྲི་༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཅིང་། དེ་ནི་དེའི་སྔོན་ཙམ་ལ་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་༣༧ ལས་སྐད་ཅིག་ཉིད་ལ་ལྡབ་༡༦༠༠ མང་དུ་ཕྱིན་ཡོད་པས། རྒྱ་ནག་གཞུང་ལ་མ་གཞི་ནས་ཡིད་རྟོན་མི་རུང་བའི་དོན་དངོས་ལ་དེང་སང་མི་ཚོས་བསྐྱར་དུ་གླེང་སློང་བྱེད་བཞིན་པ་རེད། རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་དེས་ནམ་རྒྱུན་ནས་དོན་དངོས་གནས་ཚུལ་སྦས་གསང་བྱེད་ནས་འཁྱོག་བརྗོད་འདྲ་མིན་བྱེད་པ་དང་། རྫུན་གྱི་འཁོར་ལོ་བསྐོར་བ་སོགས་ཀྱི་བྱེད་སྟངས་ནི་རྒྱ་ནག་དམར་ཤོག་གཞུང་གི་དམིགས་གསལ་ཁྱད་ཆོས་ཤིག་དང་ཚོགས་པ་དེའི་ངོ་བོ་ཉིད་དུ་གྱུར་ཡོད་ཅེས་རྒྱ་ནག་གནད་དོན་སྐོར་གྱི་ཆེད་མཁས་པ་ཚོས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་སྔོན་བརྡ་དང་གྲ་སྒྲིག་གང་ཡང་མེད་པའི་ཐོག ན་ནིང་ལོའི་སྤྱི་ཟླ་༡༢ པའི་ཚེས་༧ ཉིན་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་གློ་བུར་དུ་ཕྱིར་བསྡུ་བྱས་ཡོད་ཅིང་། མི་ཚོས་དུས་དེ་ནས་བཟུང་རྒྱ་ནག་ནང་ནད་དུག་འགོས་མཁན་ས་ཡ་གཅིག་དང་བྱེ་བ་འགའ་ཤས་ཡོད་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། གྲངས་འབོར་གཏན་ཁེལ་ཞིག་ད་ལྟ་ད་དུང་ར་འཕྲོད་བྱུང་ཐུབ་མེད་པ་རེད། ༢༠༢༣ ལོའི་སྤྱི་ཟླ་དང་པོའི་ཚེས ༡༤ཉིན། རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་ཅའོ་ཡཱ་ཧའེ་ཡིས། ༢༠༢༢ ལོའི་སྤྱི་ཟླ་༡༢ པའི་ཚེས་༨ ཉིན་ནས་༢༠༢༣ ལོའི་སྤྱི་ཟླ་དང་པོའི་ཚེས་༡༢ ཉིན་གྱི་བར། རྒྱ་ནག་ནང་ཏོག་དབྱིབས་ནད་པ་༥༩༩༣༨ འདས་གྲོངས་སུ་ཕྱིན་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། ཕྱིར་བསྒྲགས་དེ་མ་སྤེལ་གོང་གི་སྔོན་ཙམ་ལ་རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་གཅིག་ཙམ་གྱི་རིང་ཏོག་དབྱིབས་ནད་པ་༣༧ མ་གཏོགས་འདས་གྲོངས་སུ་ཕྱིན་མེད་ཚུལ་བརྗོད་ཡོད། ཉིན་གཅིག་གི་མགོ་རྔ་ལ་འདས་གྲོངས་སུ་ཕྱིན་མཁན་གྱི་གྲངས་འབོར་དེ་ལྡབ༡༦༠༠ མང་དུ་ཕྱིན་པ་ནི་རྒྱུན་ལྡན་ཞིག་རྩ་བ་ཉིད་ནས་མ་རེད།

རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཐོག་ཏུ་བརྒྱུད་སྤེལ་བྱེད་བཞིན་པའི་བརྙན་པར་སོགས་ལས། རྒྱ་ནག་རྒྱལ་ཡོངས་སུ་སྨན་ཁང་ཆེ་ཆུང་ཚང་མར་ཏོག་དབྱིབས་ནད་པས་ཁེངས་ཡོད་པ་དང་། དེ་བཞིན་པུར་ཞུས་ཁང་ཕྱི་ནང་གཉིས་ལ་ཕུང་པོས་ཁེངས་ཡོད་པར་མཐོང་ཐུབ་ཀྱི་ཡོད། འཁོར་སྐར་པར་རིས་ལས་ཀྱང་རྒྱ་ནག་རྒྱལ་ཡོངས་ཀྱི་པུར་ཞུས་ཁང་གིས་ཉིན་རེར་ཕུང་པོ་བསྲེག་བའི་ཚད་དེ་ཡང་ན་ནིང་ལོ་དང་བསྡུར་ན་ལྡབ་འགའ་ཤས་ཇེ་མང་ཕྱིན་ཡོད། འོན་ཏེ་རྒྱ་ནག་གཞུང་འབྲེལ་ནས་སྤེལ་བའི་གྲངས་འབོར་ནི་དེ་ལས་ལྡོག་ཏེ། ཉིན་རེར་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་བརྒྱ་ཆའི་༦ ལས་མེད་ཚུལ་བརྗོད་པར་མི་རྣམས་ཀྱིས་ཡིད་རྟོན་བྱེད་ཁག་པོ་ཆགས་ཡོད།

ཉེ་དུས་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་ཡར་རྒྱས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མཱ་ཅིང་ཅིང་ལ་སོགས་པས་སྤེལ་བའི་སྙན་ཐོ་གསར་ཤོས་ཤིག་ལས། ༢༠༢༣ ལོའི་སྤྱི་ཟླ་དང་པོའི་ཚེས་༡༡ བར། རྒྱ་ནག་ནང་མི་འབོར་བརྒྱ་ཆ་༦༤ ཙམ་ལ་ནད་དུག་འགོས་ཡོད་པའི་གནས་ཚུལ་འཁོད་པར་གཞི་བཞག་ན། ད་ཕན་རྒྱ་ནག་ནང་མི་དུང་ཕྱུར་༩ ལྷག་ལ་ནད་དུག་འགོས་ཡོད་པ་རེད། དེ་ལྟར་ཡིན་རུང་རྒྱ་ནག་ནང་ནད་དུག་གི་འཆི་སྐྱོན་བྱུང་བའི་ཚད་དེ་བརྒྱ་ཆའི་༠.༠༠༧ ལས་མེད་པ་དང་། ཨ་རི་དང་རྒྱལ་ཁབ་གཞན་གྱི་ནད་པ་འཆི་སྐྱོན་བྱུང་བའི་ཚད་དེ་བརྒྱ་ཆ་༡ ཙམ་ཡིན་པའི་གྲངས་འབོར་གྱི་བསྡུར་ཚད་ལས་ཧ་ལས་པ་དམའ་བ་རེད། ཧོང་ཀོང་ནང་༢༠༢༣ ལོའི་སྤྱི་ཟླ་དང་པོའི་ཚེས་༡༦ ཉིན་གྱི་བར། ནད་པ་འགོས་མཁན་ས་ཡ་གཉིས་དང་འབུམ་བརྒྱད། ཁྲི་བཞི་ལྷག་དང་འཆི་སྐྱོན་བྱུང་མཁན་༡༢༨༦༣ ཡོད་པས་ཏོག་དབྱིབས་ནད་པ་འཆི་སྐྱོན་བྱུང་བའི་ཚད་དེ་བརྒྱ་ཆའི་༠.༤༥ ཡིན་པ་རེད། ཨ་མེ་རི་ཁ་དང་ཧོང་ཀོང་ནང་གི་འཕྲོད་བསྟེན་ཆ་རྐྱེན་ནི་རྒྱ་ནག་ལས་ཡག་པོ་ཡོད་པར་མ་ཟད། མི་ཕལ་ཆེ་བས་ཨ་རིའི་འགོག་ཁབ་བཞེས་ཡོད། ཡིན་ན་ཡང་གནས་སྟངས་དེ་འདྲའི་འོག་ཏུ། ཧོང་ཀོང་ནང་ཏོག་དབྱིབས་ནད་པ་འཆི་སྐྱོན་བྱུང་བའི་ཚད་དེ་ནི་རྒྱ་ནག་ལས་ལྡབ་༦༤ ཙམ་མཐོ་བ་ཡོད་པ་དང་། ཨ་རིའི་ནང་ཏོག་དབྱིབས་ནད་པ་འཆི་སྐྱོན་བྱུང་བའི་ཚད་དེ་ཡང་རྒྱ་ནག་ལས་ལྡབ་༡༤༣ ཙམ་གྱི་མཐོ་བ་ཡིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་དང་ཡིད་ཆེས་བྱེད་མི་རུང་བའི་གནས་ཤིག་རེད།

དེ་ན་རྒྱ་ནག་ནང་དོན་དམ་ལ་ཏོག་དབྱིབས་ནད་པ་ག་ཚོད་འདས་གྲོངས་སུ་ཕྱིན་ཡོད་ཅེས་ན། གལ་སྲིད་ཧོང་ཀོང་ནང་ནད་པ་འདས་གྲོངས་སུ་ཕྱིན་པའི་ཚད་དམའ་ཤོས་དེ་གཞི་བཞག་ན། རྒྱ་ནག་ནང་ད་ཕན་ནད་པ་ས་ཡ་བཞི་དང་ཁྲི་ལྔ་ལྷག་འདས་གྲོངས་སུ་ཕྱིན་ཚར་བ་རེད། གལ་སྲིད་ཨ་རིའི་ཚད་གཞི་ལྟར་བརྩིས་པ་ཡིན་ན། རྒྱ་ནག་ནང་ཏོག་ནད་ཕོག་ནས་མི་ས་ཡ་དགུ་ལྷག་འདས་གྲོངས་སུ་ཕྱིན་ཡོད། ད་ལྟ་མི་ཚོས་རྒྱ་ནག་ནང་གི་ནད་པའི་གྲངས་འབོར་དང་འདས་གྲོངས་སུ་ཕྱིན་པའི་མི་འབོར་གསལ་པོ་ཤེས་རྟོགས་བྱུང་ཁག་པོ་ཡིན་ན་ཡང་། རྒྱ་ནག་དམར་ཤོག་གཞུང་གིས་གནས་ཚུལ་སྦས་གསང་བྱེད་པ་དང་། ཕྱི་གསལ་ནང་གསལ་མེད་པ། ཁོ་ཚོས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལ་ཡིད་རྟོན་བྱ་མི་རུང་བ་ནི་འཛམ་གླིང་ཐོག་གི་མི་ཚང་མས་ཡོངས་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཆགས་ཡོད། ཡང་གོང་འཁོད་མཱ་ཅིང་ཅིང་ལ་སོགས་པས་བཏོན་པའི་སྙན་ཐོ་དེ་ད་ལྟ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ལ་ནག་བསུབ་བཏང་ཚར་ཡོད།

ཨ་རིའི་ཨེ་ཏའོ་ཧྥེལ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཝེ་ཀྲེང་།
ཨ་རིའི་ཨེ་ཏའོ་ཧྥེལ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཝེ་ཀྲེང་།

ཨ་རིའི་ཨེ་ཏའོ་ཧྥེལ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཝེ་ཀྲེང་གིས། དེང་སང་མི་ཕལ་ཆེ་བས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་ལུགས་བྱེད་སྟངས་དེ་ལ་རྒྱུས་ལོན་ཡོད། དམར་ཤོག་གཞུང་གིས་མཁོ་སྤྲོད་བྱས་པའི་ཆ་འཕྲིན་ལ་ཡིད་ཆེས་བྱེད་མཁན་ཧ་ལམ་མེད། ད་ལྟ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་རྒྱ་ནག་དམར་ཤོག་གཞུང་ལ་གནས་ཚུལ་དྲང་བདེན་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། ཕྱི་འབྲེལ་ཐོག་ནས་བཤད་ན། དེང་སྐབས་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་དམར་ཤོག་ཚོགས་པས་ཁ་ནས་བཤད་པའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་རྩ་བ་ནས་མེད་མཁན་ཆགས་ཚར་ཡོད་ཅེས་བརྗོད་འདུག

དུས་རབས་གོང་མའི་ལོ་རབས་༥༠ པའི་མཇུག་དང་ལོ་རབས་༦༠ པའི་མགོ་ཙམ་ལ། རྒྱ་ནག་ནང་མཆོངས་སྐྱོད་ཆེན་པོ་ཞེས་པའི་ལས་འགུལ་ཞིག་སྤེལ་ནས་མི་དམངས་རྣམས་བཀྲེས་སྐོམ་གྱི་སྡུག་བསྔལ་ནང་ལྷུང་ནས་མི་སེར་འཕོར་ཆེན་ལྟོགས་ཤི་ཕོག་བཅུག་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་ནས་དེའི་སྐོར་གྱི་གྲངས་འབོར་ངོ་མ་ཕྱིར་བསྒྲགས་བྱས་མྱོང་མེད། དེ་ནས་ལོ་རབས་༨༠ ནང་རྒྱ་ནག་གི་རིག་གཞུང་ཞིབ་འཇུག་གི་ཁོར་ཡུག་བལྟོས་བཅས་ཀྱི་གུ་ཡངས་ཆགས་དུས། ཉམས་ཞིབ་པ་ཚོས་རིམ་བཞིན་དེ་དོན་ཞིབ་འཇུག་དང་རྒྱུས་ལོན་ཏོག་ཙམ་བྱས་ཐུབ་པ་བྱུང་སྟེ། དེ་སྔར་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གྲངས་འབོར་དང་ཉམས་ཞིབ་པ་ཚོས་ཞིབ་འཇུག་གི་གྲུབ་དོན་གཉིས་ཀྱི་བར་ལྟོགས་ཤི་ཕོག་མཁན་ས་ཡ་བཅུ་ལྷག་ནས་བཞི་ཅུ་ཙམ་གྱི་ཧེ་བག་ཆེན་པོ་ཤོར་ཡོད། དེ་བཞིན་དུ་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ལ་ཤི་རྨས་བྱུང་བའི་གྲངས་འབོར་གྲངས་ལས་འདས་པ་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱིས་རིག་གསར་སྐབས་ལ་མི་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་གནས་ཚུལ་གང་ཡང་སྤེལ་མྱོང་མེད།

༡༩༨༩ ལོར་རྒྱ་ནག་དམག་དཔུང་གིས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོ་ངོ་རྒོལ་ལས་འགུལ་བ་སྤེལ་མཁན་གྱི་སློབ་ཕྲུག་དང་མི་སེར་སྡེབ་གསོད་བྱས་པའི་དོན་རྐྱེན་ཡ་ང་བ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དོན་རྐྱེན་དེའི་ནང་མི་༣༠༠༠ ལྷག་ལ་རྨས་སྐྱོན་དང་། སློབ་ཕྲུག་༣༦་ཚུད་པའི་ཁྱོན་མི་༢༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་ཀྱང་། ཆེད་མཁས་པ་ཚོས་ཐེངས་དེའི་དོན་རྐྱེན་ནང་ཉུང་མཐའ་ཡང་མི་༦༠༠༠ ལྷག་ལ་འཆི་སྐྱོན་དང་མི་༧༠༠༠ ནས་༡༠༠༠༠ ཙམ་ལ་རྨས་སྐྱོན་བྱུང་ཡོད་པར་ཚོད་དཔག་བྱས་འདུག

དེར་བརྟེན། ང་ཚོས་རྒྱ་ནག་གི་དེང་རབས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། རྒྱ་ནག་དམར་ཤོག་ཚོགས་པ་དང་སྒེར་གཅོད་ཀྱི་གཞུང་དེས་དོན་དངོས་གནས་ཚུལ་སྦས་གསང་བྱེད་པ་དང་། གནས་ཚུལ་འཁྱོག་བརྗོད་བྱེད་པ། སྐྱག་རྫུན་བཤད་པ་སོགས་ནི་རྒྱུན་ལྡན་ཆགས་ཡོད་ཅིང་། དེ་ནི་༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ད་བར་ཚོགས་པ་དེར་ཐོག་མཐར་བར་གསུམ་དུ་གནས་ཡོད་པའི་དམིགས་གསལ་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།

XS
SM
MD
LG