༄༅།། བལ་ཡུལ་གྱི་ཞིང་ལས་ལྷན་ཁང་གི་ས་ཞིབ་ཚན་པའི་ལས་སྣེ་ཚོས་ཞིབ་འཇུག་གི་ཚིག་ཐོ་བཀོད་པ་ལྟར་ན། བལ་བོད་ས་མཚམས་ཀྱི་བལ་བོའི་ས་གནས་ཁག་བཅུ་རྒྱ་ནག་གིས་ཧམ་འཛིན་བྱས་ནས་ས་ཁྱོན་ཧེཀ་ཊར་༣༣་བོད་རང་སྐྱོང་ལྗོངས་མངའ་ཁོངས་སུ་བསྡུས། རྒྱ་ནག་གིས་ཁྲིམས་འགལ་ཐོག་ཏུ་བལ་བོད་ས་མཚམས་ཀྱི་རྡོ་རིང་རྣམས་ཀྱང་སྤོར་སྣུར་བྱེད་ཀྱི་འདུག བལ་ཡུལ་གྱི་ས་ཁོངས་སུ་རྒྱ་ནག་གིས་ཟམ་པ་དང་རྒྱ་ལམ་སོགས་འཛུགས་སྐྲུན་བྱས་ནས་རིམ་བཞིན་ས་ཆ་དེ་རྣམས་ཧམ་འཛིན་བྱ་རྒྱུའི་ཀུན་སློང་འཆང་ཡོད་པའི་རྟགས་མཚན་གསལ་པོ་རེད་ཅེས་གསར་འགོད་པ་ཚོར་བཤད། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིའི་གཞུང་གིས་རྒྱ་གར་ལ་ས་མཚམས་ཀྱི་རྩོད་པ་བསླངས། རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ས་གནས་ཁག་གསུམ་བལ་ཡུལ་གྱི་ས་ཁྲ་གསར་པའི་ནང་དུ་བཀོད་ནས་བདག་དབང་རྩོད་ཀྱི་འདུག འོན་ཀྱང་རྒྱ་ནག་གིས་བལ་ཡུལ་གྱི་ས་གནས་ཁག་ཅིག་རིམ་བཞིན་ཧམ་འཛིན་བྱེད་ཀྱི་ཡོད་པར་བལ་ཡུལ་གཞུང་གིས་སྐད་ཆ་ཚིག་གཅིག་བཤད་ཕོད་ཀྱི་མེད་པ་འདྲ། བལ་ཡུལ་བྱང་ཕྱོགས་ཀྱི་ཀོར་ཁ་རྫོང་གི་ཁོངས་སུ་གཏོགས་པའི་རུ་ཝེ་གྲོང་གསེབ་ནི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོངས་སུ་ཚུད་ཟིན་ཞིང་། གྲོང་གསེབ་དེར་ཁྱིམ་ཚང་༧༢་ཡོད་པའི་མི་མང་གིས་རང་གི་མི་རིགས་ཀྱི་འབྱུང་ཁུངས་དང་ངོ་བོ་གཅེས་འཛིན་ཐུབ་པའི་འཐབ་རྩོད་བྱེད་ཀྱི་འདུག རྒྱ་ནག་གིས་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་དང་གཞན་གྱི་མངའ་རིས་ཧམ་འཛིན་མི་བྱེད་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་ཟེར་པའི་སྐད་ཆ་དེ་རྣམས་སྔ་མོ་ནས་དོར་ཟིན་པར་སྣང་ཞེས་རྒྱ་གར་གྱི་སི་ཝ་ར་ཇ་ཡ་དུས་དེབ་ཏུ་གནས་ཚུལ་སྤེལ་འདུག
བལ་ཡུལ་གྱི་ཞིང་ལས་ལྷན་ཁང་གི་ས་ཞིབ་ཚན་པའི་ཚིག་ཐོ་དེར་རྒྱ་ནག་གིས་བོད་ནས་བལ་ཡུལ་ལ་རྒྱ་ལམ་འཛུགས་སྐྲུན་དང་ས་མཚམས་ཀྱི་སོ་ཁང་འཛུགས་སྐྲུན། བོད་ནས་བལ་ཡུལ་ཕྱོགས་སུ་རྒྱུག་གི་ཡོད་པའི་ཆུ་བོ་རྣམས་ཁ་སྒྱུར་བྱས་ཏེ་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་སྐྱེད་གཏོང་གི་འདུག རྒྱ་ནག་གིས་འཛུགས་སྐྲུན་བྱས་ནས་བྷག་དྷར་ཆུ་བོ་ཁ་སྒྱུར་བྱས་ཏེ་ཧུམ་ལ་རྫོང་ཁོངས་ཀྱི་ས་ཁྱོན་ཧེཀ་ཊར་བཅུ་དང་ར་སུ་ཝ་རྫོང་གི་ས་ཁྱོན་ཧེཀ་ཊར་དྲུག་བཅས་ས་ཁྱོན་ཧེཀ་ཊར་༡༦་རྒྱ་ནག་ལ་ཤོར་འདུག གལ་སྲིད་བལ་ཡུལ་གྱི་མངའ་རིས་རྣམས་རིམ་བཞིན་ཇེ་ཉུང་དུ་སོང་ན་ནམ་ཞིག་ས་ཁྱོན་ཧེཀ་ཊར་བརྒྱ་ཕྲག་མང་པོ་རང་བཞིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་འོག་ཏུ་བསྡུ་རྒྱུ་རེད། དེ་ནས་བལ་ཡུལ་གྱི་ས་ཆ་ཧམ་འཛིན་བྱས་པ་དེ་དག་གི་ཐོག་ཏུ་རྒྱ་ནག་གི་ས་སྲུང་དྲག་ཆས་ཉེན་རྟོག་པའི་སོ་ཁང་འཛུགས་སྐྲུན་བྱ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་བཀོད། བལ་ཡུལ་གྱི་འགོ་ཁྲིད་ཚོས་རང་གི་ས་ཆ་མང་པོ་ཞིག་རྒྱ་ནག་གིས་ཧམ་འཛིན་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ཡོད་པ་ནི་རྒྱ་ནག་གི་དཔལ་འབྱོར་རོགས་རམ་དང་འཛུགས་སྐྲུན། བལ་ཡུལ་ལ་རྒྱ་ནག་གི་གྲུ་ཁ་ཁག་ཅིག་གི་སྒོ་འབྱེད་བྱ་རྒྱུ་དང་གཞིས་ཀ་རྩེ་ནས་ཀ་ཐེ་མན་རྡུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན། རྒྱ་ནག་དམར་ཤོག་ཚོགས་པ་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འབྲེལ་བ་དམ་ཟབ། བལ་ཡུལ་རྒྱ་གར་གཅིག་པུར་བརྟེན་མི་དགོས་པའི་ཆེད་དུ་ཡུལ་དེའི་བྱང་ཕྱོགས་ཀྱི་ས་ཆ་ཁག་ཅིག་བློས་གཏོང་གི་ཡོད་སྲིད་ཅེས་ཉམས་ཞིབ་པ་ཚོས་དོགས་སློང་བྱས་འདུག
རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཁག་དང་གསར་འགྱུར་ལས་ཁང་ཁག རྒྱ་གར་གྱི་ཉམས་ཞིབ་པ་བཅས་ལ་བལ་ཡུལ་གྱི་སྲིད་བློན་ཨོ་ལིའི་གཞུང་ནི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་ཟིན་ཡོད་པའི་དོགས་པ་དང་ལྟ་ཚུལ་གཅིག་མཚུངས་ཤིག་ཡོད་ཅིང་། དཔེར་ན་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་རྣམས་རྒྱལ་ས་ཀ་ཐ་མན་རྡུར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་བར་འདུམ་བྱེད་ཐུབ་ཀྱི་ཡོད་པ། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པར་རྩོད་པ་མེད་ཀྱང་སྲིད་བློན་ཨོ་ལིས་བལ་ཡུལ་ལ་ཏོག་དབྱིབས་རིམས་ནད་རྒྱ་གར་ནས་ཁྱབ་པ་རེད་ཅེས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་ཀྱི་ཡོད་པའི་སྐྱོན་བཙུགས། རྒྱ་ནག་གིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ལོ་རེ་བཞིན་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྟགས་མཚན་གཞན་པའང་ཡོད་པ་སྟེ། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུའི་ས་གནས་ཁག་ཅིག་རྒྱ་གྲོང་ལྟ་བུ་ཞིག་ལ་གྱུར། ཉེ་ཆར་བལ་ཡུལ་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་འགྲོ་འོང་བཀག་ཀྱང་རྒྱ་ནག་གིས་ཡུལ་སྐོར་སྤྲོ་འཆམ་པ་ཁག་ཅིག་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་རྒྱ་ལམ་ནང་དུ་བསྐྱོད། བལ་ཡུལ་གྱི་ཉེན་རྟོག་པས་ལམ་བཀག་པར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་དེ་དག་གིས་ཉེན་རྟོག་པར་རྒོལ་འཛིང་བྱས་ནས་རྡུང་རྡེག་དྲག་པོ་བཏང་ཞིང་། བལ་ཡུལ་གྱི་ཉེན་རྟོག་པས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་རྒོལ་ལན་སློག་ཕོད་ཀྱི་མེད་པར་གཞིགས་ན་རྒྱ་ནག་གིས་བལ་ཡུལ་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པ་དང་བལ་ཡུལ་གྱིས་རྒྱ་ནག་ལ་གཉོམ་ཁུར་ཅི་ཙམ་བྱེད་དགོས་ཀྱི་ཡོད་པ་ར་འཕྲོད་ཅེས་ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱུང་།།
རྒྱ་ནག་གིས་བལ་ཡུལ་གྱི་ས་ཆ་ཧམ་འཛིན་བྱེད་ཀྱི་ཡོད་པ་གཅིག་པུ་མིན། སྔོན་ཆད་རྒྱ་གར་གྱི་དཀྱིལ་འཁོར་དུ་གྲགས་པའི་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཇེ་ཆེ་དང་ས་ཆ་འཛིན་རྒྱུ་ཇེ་མང་དུ་སོང་། རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་སིངྒ་ལར་རྒྱ་ནག་གིས་གནམ་ཐང་དང་རྒྱ་ལམ། གྲུ་ཁ་བཅས་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་ནས་རྨང་གཞིའི་མཐུན་རྐྱེན་བསྐྲུན། སིངྒ་ལ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་ནས་ཐར་ཐབས་མེད་པ་ཞིག་ཏུ་གྱུར་པས་སིངྒ་ལའི་གཞུང་གིས་རང་གི་ཚོང་ལས་དང་དམག་དོན་སོགས་ལ་གནད་འགག་ཆེ་བའི་གྲུ་ཁ་ཞིག་ལོ་༩༩་རིང་དུ་རྒྱ་ནག་ལ་གཉེར་འཛིན་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་བཞག དེ་བཞིན་རྒྱ་ནག་གིས་པ་ཀི་སི་ཐན་ལའང་ཕྱོགས་གང་ཐད་དུ་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་དེའི་གྷ་ཝ་དྷར་གྲུ་ཁ་རྒྱ་ནག་ལ་འཆོར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཉེ་བའི་ལོ་ངོ་རེ་ཟུང་ཞིག་ནས་རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བངྒ་ལར་འབྲེལ་བ་ཡར་རྒྱས་བཏང་སྟེ་ཚོང་འབྲེལ་བཙུགས། བངྒ་ལས་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སྒོ་ཁྲལ་ཆག་ཡངས། བངྒ་ལའི་མཚོ་ཁ་ཞིག་ལ་རྒྱ་ནག་གི་གྲུ་གཟིངས་འབབ་ཚུགས་ཤིག་འཛུགས་སྐྲུན་བྱེད་དུ་འཇུག་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གིས་བལ་ཡུལ་བྱང་ཕྱོགས་ཀྱི་གྲོང་གསེབ་རེ་ཟུང་དང་གྲོག་རོང་འགའ་རེ་ཧམ་འཛིན་བྱེད་ཀྱི་ཡོད་པ་འབའ་ཞིག་མིན་ཞིང་། རྒྱ་ནག་གིས་ལ་དྭགས་ནས་མོན་རྟ་དབང་། སིངྒ་ལ་ནས་པ་ཀི་སི་ཐན། བལ་ཡུལ་ནས་བངྒ་ལ་བར་དུ་ཚོང་ལས་དང་དམག་དོན། སྐྱེལ་འདྲེན་བཅས་ཀྱི་ས་ཚིགས་བཟུང་ནས་རྒྱ་གར་མཐའ་བསྐོར་གྱི་ཡོད་པའི་རྣམ་པ་ཞིག་མངོན།།
རྒྱ་གར་གྱི་སི་ཝ་ར་ཇ་ཡ་དུས་དེབ་ལ་གནས་ཚུལ་འཁོད་པ་ལྟར་ན། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་ཟིན་པའི་བལ་ཡུལ་བྱང་ཕྱོགས་ཀྱི་རུ་ཝེ་གྲོང་གསེབ་དེ་ཉིད་སྔར་བཞིན་བལ་ཡུལ་གྱི་ས་ཁྲའི་ནང་དུ་བཀོད་ཀྱང་དོན་དངོས་སུ་འདས་པའི་ལོ་གཉིས་ཀྱི་ནང་ཚུད་དུ་རྒྱ་ནག་གིས་གོ་རིམ་ལྡན་པའི་སྒོ་ནས་བལ་ཡུལ་གྱི་གྲོང་གསེབ་དེར་དབང་སྒྱུར་ཆ་ཚང་བྱས་ཟིན་འདུག ད་ལྟ་རྒྱ་ནག་གི་བཀོད་ཇུས་ལྟར་བལ་ཡུལ་གཞུང་གིས་ཀ་ལ་པ་ཎི་དང་ལེ་ཕུ་ལེ། ལིམ་པི་ཡ་དྷུ་ར་གསུམ་རྒྱ་གར་གྱི་མངའ་རིས་མ་རེད། གྲོང་གསེབ་དེ་དག་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་རྩོད་པ་རྒྱག་ཏུ་འཇུག་གི་འདུག སྔོན་ཆད་བལ་ཡུལ་གཞུང་གིས་བསམ་མི་ཕོད་པ་དང་སྒྲུབ་མི་ཕོད་པ་ཞིག་ལོ་འདིར་ལག་ལེན་བསྟར་ནས་རྒྱ་གར་ལ་འཁྲུག་རྩོད་སློང་རྒྱུ་མགོ་བརྩམས་སོང་། ཉེ་ཆར་བལ་ཡུལ་གྱི་ས་སྲུང་དམག་གིས་མེ་མདའ་བརྒྱབ་ནས་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་མི་ཞིག་རྐྱེན་འདས་སུ་གྱུར། དབྱར་གྱི་ཆར་ཞོད་དུས་སུ་བལ་ཡུལ་དང་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་བར་དུ་ཆུ་རགས་ཤིག་ཡོད་པ་ཞིག་གསོ་བྱ་རྒྱུ་དེར་བལ་ཡུལ་གཞུང་གིས་འགོག་རྐྱེན་བཟོས། འདི་ནི་རྒྱ་ནག་གི་ངན་སྐུལ་བྱས་པ་ལྟར་བལ་ཡུལ་གཞུང་གིས་རྒྱ་གར་ལ་འཁྲུག་རྩོད་སློང་གི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་སྐྱོན་བཙུགས།།
རྒྱ་གར་གྱི་གསར་འགྱུར་ལས་ཁང་ཕལ་མོ་ཆེས་ཤར་མ་ཨོ་ལིས་མུ་མཐུད་དུ་བལ་ཡུལ་གྱི་སྲིད་དབང་བཟུང་ན་རྒྱལ་ཁབ་དེའི་རང་བཙན་དང་བདག་དབང་རྣམས་རྩ་བརླག་འགྲོ་སྲིད། བལ་ཡུལ་རྒྱ་ནག་གི་མི་སེལ་སྤེལ་ཡུལ་གསར་པ་ཞིག་ལ་འགྱུར་རྒྱུའི་ཉེན་ཚབས་འདུག་ཅེས་སྲིད་བློན་ཨོ་ལིར་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཇེ་ཆེར་སོང་། ལྷོ་ཨེ་ཤི་ཡའི་ཉམས་ཞིབ་པ་ཚོས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་ཤོག་ཁག་གཉིས་སུ་ཆད་ནས་འགལ་ཟླ་ཆེན་པོ་འདུག བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཤར་མ་ཨོ་ལིར་ངོ་རྒོལ་བྱས་ནས་སྲིད་བློན་གྱི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ལྷག་པར་དུ་བལ་ཡུལ་བྱང་ཕྱོགས་ཀྱི་ས་གནས་མང་དག་ཅིག་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཤོར་ཡོད་པ་འགེབས་ཐབས་སུ་སྲིད་བློན་ཨོ་ལིས་རྒྱ་གར་ལ་མཐའ་མཚམས་གྲོང་གསེབ་གསུམ་གྱི་བདག་དབང་ཐོག་ཏུ་རྩོད་པ་བསླངས། ཁོ་པས་བལ་བོ་ཚོར་མི་རིགས་རིང་ལུགས་ཀྱི་ངར་ཤུགས་བསླངས་ནས་སྲིད་དབང་འཛིན་ཐབས་བྱེད་བཞིན་འདུག་ཅེས་དཔྱད་བརྗོད་སྤེལ། ཡིན་ནའང་བལ་ཡུལ་གཞུང་གིས་ཀ་ལ་པ་ཎི་དང་ལེ་ཕུ་ལེ། ལིམ་པི་ཡ་དྷུ་ར་གསུམ་ནི་སྔ་མོ་ནས་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པའི་ཁུངས་སྐྱེལ་ར་སྤྲོད་དང་ལོ་རྒྱུས་ཀྱི་སྒྲུབ་བྱེད་ཡོད། བལ་ཡུལ་ནི་རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན། བལ་ཡུལ་གཞུང་གིས་རང་གི་ཁེ་ཕན་གཙིགས་སུ་འཛིན་རྒྱུ་དང་གཞན་ལ་ངོ་སྲུང་སྟབས་བསྟུན་བྱེད་དགོས་པ་ཅི་ཡང་མེད་ཅེས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གི་སྐྱོན་འཛུགས་ལ་དགག་པ་བརྒྱབ་འདུག