ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་གཞུང་གིས་སྨན་ཁབ་གསུམ་པ་ཞིག་ལ་ཆོག་མཆན་བཀོད་པ། 


FILE PHOTO: Vials with a sticker reading, "COVID-19 / Coronavirus vaccine / Injection only"
FILE PHOTO: Vials with a sticker reading, "COVID-19 / Coronavirus vaccine / Injection only"

༄༅།། ཨ་མི་རི་ཀའི་ནད་རིགས་སྔོན་འགོག་ཁང་གིས་མདང་དགོང་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འགྲེམ་སྤེལ་བྱེད་པའི་ཆོག་མཆན་བཀོད། ཨ་རིའི་སྨན་སྦྱོར་བཟོ་ཚོང་ཁང་དེར་ལག་ཏུ་སྨན་ཁབ་༣༩༠༠༠༠༠་ཡོད་པ་རྣམས་འཕྲལ་དུ་འགྲེམ་སྤེལ་བྱ་རྒྱུ། ཕྱི་ཟླ་༣་པའི་ཟླ་མཇུག་བར་དུ་སྨན་ཁབ་༢༠༠༠༠༠༠༠་ཐམ་པ་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན། ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱི་རྗེས་སུ་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་འདི་ཨ་མི་རི་ཀའི་སྨན་སྦྱོར་བཟོ་ཚོང་ཁང་ཞིག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཨང་༣་པ་དེར་གྱུར། གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁུངས་ཀྱིས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་འདི་ཛ་དྲག་གི་ཆེད་དུ་བཀོལ་སྤྱོད་བྱས་ན་བདེ་འཇགས་རེད་ཅེས་ཆོག་མཆན་བཀོད། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་འདི་ཧྥེ་ཛར་དང་མོ་ཌེར་ན། དབྱིན་ཇིའི་ཨེ་སི་ཊི་རོ་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་བཅས་ཀྱིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་དང་མ་འདྲ་བར་སྨན་ཐུན་གཅིག་ཅན་གྱི་འགོག་ཁབ་ཅིག་ཡིན་པ་དང་འཁྱག་སྒམ་ཧ་ཅང་གྲང་མོའི་ནང་དུ་བཞག་ནས་སྐྱེལ་འདྲེན་བྱེད་མི་དགོས་པ། ཉམས་ཞིབ་པ་ཚོས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཐུན་གཅིག་ཅན་གྱི་འགོག་ཁབ་དེར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། འཛམ་གླིང་ཡོངས་སུ་སྨན་ཁབ་དེར་ཕན་ནུས་བརྒྱ་ཆ་༦༦་ཐོན། ཨ་མི་རི་ཀའི་ནང་དུ་སྨན་ཁབ་དེར་ཕན་ནུས་བརྒྱ་ཆ་༧༢་དང་ནད་དུག་སྔོན་འགོག་གི་ནུས་པ་བརྒྱ་ཆ་༨༦་ལྷག་ཐོན་ཡོད་པའི་ཁྱབ་བསྒགས་བྱས་འདུག

ཨ་རིའི་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་སྨན་པ་ཝ་ལན་སི་ཀིས་གཟའ་ཉི་མའི་དགོང་མོར་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་འདི་སྨན་ཐུན་གཅིག་ཅན་གྱི་འགོག་ཁབ་ཅིག་ཡིན་པས་འགོག་ཁབ་ཐེངས་གཉིས་པ་རྒྱག་མི་དགོས། ད་དུང་སྨན་ཁབ་འདི་སྤྱིར་བཏང་གི་འཁྱག་སྒམ་ནང་དུ་བཞག་ནས་ཉར་འཇོག་བྱེད་ཆོག་པ་དང་སྐྱེལ་འདྲེན་བྱ་རྒྱུ་སྟབས་བདེ་ཡོད་པའི་དགེ་མཚན་ཆེ། དེས་ན་སྨན་ཁབ་འདི་སྐྱེལ་འདྲེན་དང་ཉར་འཇོག གང་ས་གང་དུ་སྨན་ཁབ་རྒྱག་ཡུལ་སྒོ་ཕྱེ་ནས་མི་མང་ལ་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་ཐུབ་ཅེས་བཤད། ཨ་རིའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁུངས་ཀྱི་སྨན་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སྨན་པ་རུ་བྷིན་གྱིས་བཤད་པ་ལྟར་ན། ད་ལྟ་དབྱིན་ཡུལ་དང་ལྷོ་ཨ་ཧྥི་རི་ཀ་ནས་བྱུང་བའི་རྣམ་པ་འགྱུར་བའི་ནད་དུག་གསར་པ་ཞིག་ཁྱབ་ཀྱི་འདུག མཐར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འདི་སྨན་ཁབ་ཀྱིས་ཀྱང་འགོག་མི་ཐུབ་པ་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཆེ། དེས་ན་མི་མང་གིས་འཕྲལ་དུ་སྨན་ཁབ་རྒྱག་རྒྱུ་གནད་འགག་ཆེ་ཞེས་བསྐུལ། ད་ལྟའི་བར་དུ་ཨ་རིའི་ནད་རིགས་སྔོན་འགོག་ཁང་གིས་དབྱིན་ཇི་དང་ལྷོ་ཨ་ཧྥི་རི་ཀ ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གསུམ་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༤༦༠་ལྷག་བྱུང་ཡོད་པ་རྩད་གཅོད་ཐུབ་ཡོད་པར་མ་ཟད། ཨ་རིའི་འཕྲོད་བསྟེན་ལས་སྣེ་ཚོས་སྔ་གཞུག་མ་གཏོགས་ཨ་མི་རི་ཀ་ལའང་དབྱིན་ཇི་དང་ལྷོ་ཨ་ཧྥི་རི་ཀ བྷར་ཛིལ་བཅས་ལ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཉག་ཅིག་རེད། ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འདི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ལས་ཀྱང་འགོས་ཁྱབ་སླ་བ་དང་འཕྲལ་དུ་འགོ་ཡི་འདུག་ཅེས་བསྟན།།

ཨ་མི་རི་ཀའི་ནད་རིགས་སྔོན་འགོག་ཁང་གི་ལས་སྣེ་ཚོས་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་རྩད་གཅོད་བྱུང་བ་ལས་ཀྱང་མང་བ་ཡོད་སྲིད། ཨ་རིའི་ས་ཐོག་ཏུ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཆེས་ཉུང་ཤས་ཤིག་ལས་མེད་མོད། འོན་ཀྱང་བདུན་ཕྲག་འགའ་ཞིག་གི་རྗེས་སུ་ཨ་མི་རི་ཀར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་རྒྱུའི་ཚོད་དཔག་དང་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཨ་རིའི་མཱི་ཎི་སོ་ཊ་སློབ་གྲྭ་ཆེན་མོའི་འགོས་ནད་ཞིབ་འཇུག་ཁང་གི་སྨན་པ་ཨོ་སི་ཊར་ཧློམ་གྱིས་བཤད་པ་ལྟར་ན། ཨ་མི་རི་ཀའི་ས་གནས་ཁག་ཅིག་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་རྒྱུ་ཇེ་མང་དུ་སོང་སྟེ་སྨན་ཁང་ཁག་ཅིག་གི་ནད་པ་མང་ཆེ་བ་ནི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རེད། མ་འོངས་པར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་འབྱུང་སྲིད་པའི་ཉེན་ཀའང་ཆེན་པོ་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་ཨ་རིའི་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་སྨན་པ་ཝ་ལན་སི་ཀིས་ཉེ་དུས་ཤིག་ནས་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་རྒྱུ་ཇེ་ཉུང་དུ་སོང་འདུག ཡིན་ནའང་ས་གནས་ཁག་ཅིག་ལ་གློ་བུར་དུ་ནད་པ་ཇེ་མང་དུ་འགྲོ་བཞིན་པ་ནི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཇེ་ཆེར་སོང་བའི་རྟགས་མཚན་ཡིན་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ཁོང་གིས་གཟའ་ཉི་མའི་ཉིན་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་འདི་འགག་རྩའི་དུས་སུ་འགྲེམ་སྤེལ་བྱས་ཐུབ་སོང་། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ངར་ཤུགས་ཆག་ནས་ཉམས་ཀྱི་ཡོད་ཀྱང་ནད་པའི་གྲངས་འབོར་ཧ་ཅང་མང་པོ་རེད། རྒྱུ་མཚན་དེའི་ཕྱིར་ན་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ནད་ཡམས་ལ་འཛེམ་ཟོན་དང་ནད་དུག་སྔོན་འགོག་གི་བྱ་ཐབས་རྣམས་ལག་ལེན་བསྟར་རྒྱུ་འཐུས་ཤོར་གཏོང་མི་ཉན་ཞེས་དྲན་སྐུལ་བྱས་ཡོད་པ་རེད།།

ཨ་རིའི་ནད་རིགས་སྔོན་འགོག་ཁང་གི་གཞི་གྲངས་ལྟར་ན། ཉུང་མཐར་ཡང་ཨ་མི་རི་ཀ་བ་བྱེ་བ་༥་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན་ཞིང་། མི་གྲངས་ས་ཡ་༢༥་མ་ཟིན་ཙམ་ལ་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ། འདི་ནི་ཨ་མི་རི་ཀའི་མི་འབོར་གྱི་བརྒྱ་ཆ་༧་དང་ཕྱེད་ཀ་ལས་མིན་པ་དང་ཨ་མི་རི་ཀར་མི་འབོར་དུང་ཕྱུར་༣་དང་ཕྱེད་ཀ་ཡོད་པ་དེ་དག་ལ་སྨན་ཁབ་འདང་གི་མེད་པའི་དཀའ་ངལ་སེལ་མེད། ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་བསྡོམས་ནས་ཕྱི་ཟླ་༣་པའི་ཟླ་མཇུག་བར་དུ་ཨ་རིའི་གཞུང་ལ་འགོག་ཁབ་དུང་ཕྱུར་༢་དང་བྱེ་བ་༢་མཁོ་སྤྲོད་བྱེད་ཐུབ་ཅེས་ཁས་བླངས། ཡིན་ནའང་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་གཉིས་ཀྱི་སྨན་ཁབ་དེ་རྣམས་མི་རེར་ཐེངས་གཉིས་རེ་རྒྱག་དགོས་པས་མི་གྲངས་དུང་ཕྱུར་༡་དང་བྱེ་བ་༡་ལ་མ་གཏོགས་སྨན་ཁབ་མི་འཐོབ། ཨ་རིའི་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་སྨན་པ་ཝ་ལན་སི་ཀིས་ད་ལྟ་གསར་དུ་ཐོན་པའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་འདི་ལོ་ན་༡༨་ཡན་ཆད་ལ་རྒྱག་དགོས། སྨན་ཁབ་འདིར་ཨ་རིའི་ནད་རིགས་སྔོན་འགོག་ཁང་གི་སྨན་པ་གཅིག་གིས་ཀྱང་དགག་བྱ་མ་བརྒྱབ་པར་སྤྱི་མོས་ཀྱིས་མི་ལ་རྒྱག་ཆོག་པའི་རྒྱུས་སྟོན་བྱས་ཡོད། དེ་རིང་ནི་ཏོག་དབྱིབས་ནད་དུག་མཇུག་སྒྲིལ་གྱི་མགོ་བརྩམས་པ་རེད། ངས་ཨ་མི་རི་ཀ་བ་ལོ་ན་༡༨་ཡན་ཆད་ལ་སྨན་ཁབ་གསར་པ་འདི་བརྒྱབ་ན་ཉེན་ཀ་མེད་པའི་རྒྱུས་སྟོན་ཡིག་ཆར་མིང་རྟགས་བཀོད་པ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འདི་མི་ལ་བརྒྱབ་ནས་ཚོད་ལྟ་བྱས་པའི་སྐབས་དེར་ཨ་མི་རི་ཀ་བ་ཚོར་ཕན་ནུས་བརྒྱ་ཆ་༧༢་ཐོན། ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་ཕན་ནུས་བརྒྱ་ཆ་༦༡་ཐོན། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུ་ཕན་ནུས་བརྒྱ་ཆ་༦༤་ཐོན། སྨན་ཁབ་གསར་པ་གང་ཞིག་ལ་ཕན་ནུས་བརྒྱབ་ཆ་༥༠་ཡོད་པ་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚད་གཞི་ལོངས། སྨན་པ་མཁས་པ་ཁག་ཅིག་གིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ལ་ཕན་ནུས་བརྒྱ་ཆ་༩༥་ཡོད་པ་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ལ་ཕན་ནུས་བརྒྱ་ཆ་༩༤་ཡོད་པ། ཇཱོན་སན་དང་ཇཱོན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་དེར་ཕན་ནུས་བརྒྱ་ཆ་༧༢་ལས་མེད་པ་རྣམས་གཤིབ་སྡུར་བྱེད་མི་ཉན། སྨན་ཁབ་དང་པོ་གཉིས་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་བཟོས་པ་རེད། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ནི་ཏོག་དབྱིབས་ནད་དུག་དང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གཉིས་ཀར་དམིགས་ནས་བཟོས་པ་རེད་ཅེས་བཀྲལ། འདས་པའི་ལོ་གཅིག་གི་ནང་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་གྲངས་༢༥༠༠༠༠༠་ལྷག་ལ་འཆི་སྐྱོན་དང་མི་གྲངས་༡༡༤༠༠༠༠༠༠་ལྷག་ལ་ནད་དུག་འགོས། ཨ་མི་རི་ཀར་མི་༥༡༣༠༩༢་འཆི་སྐྱོན་དང་མི་གྲངས་༢༨༠༠༠༠༠༠་ལྷག་ལ་ནད་དུག་འགོས། ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་༦་ནི་ཨ་མི་རི་ཀ་དང་རྒྱ་གར། བྷར་ཛིལ་དང་ཨུ་རུ་སུ། དབྱིན་ཇི་དང་ཧྥ་རན་སི་བཅས་འདུག

XS
SM
MD
LG