ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ནང་སོག་ལ་གཉན་རིམས་ནག་པོ་བསྐྱར་ལོག 


ནང་སོག
ནང་སོག

༄༅།། ནང་སོག་གི་བྷ་ཡན་ནུར་ཞེས་པའི་ས་གནས་སུ་མི་ཞིག་ལ་གཉན་རིམས་ནག་པོ་ཕོག་ཡོད་པའི་གནས་ཚུལ་ཐོན། ཁ་སྔོན་གཟའ་སྤེན་པའི་ཉིན་ནང་སོག་གི་བྷ་ཡན་ནུར་ས་གནས་ཀྱི་སྨན་ཁང་ཞིག་གིས་རྔོན་པ་ཞིག་ལ་གཉན་རིམས་ནག་པོ་འགོས་ཡོད་པ་ངོས་ཟིན། ཁ་སང་གཟའ་ཉི་མ་ནས་རྒྱ་ནག་གཞུང་གིས་བྷ་ཡན་ནུར་གྲོང་ཁྱེར་ལ་གཉན་རིམས་ནག་པོ་ཁྱབ་གདལ་འགྲོ་སྲིད་པའི་དོགས་ཟོན་བྱ་དགོས། གྲོང་ཁྱེར་ཧྲིལ་པོར་རིམས་ནད་སྔོན་འགོག་གི་ཉེན་བརྡ་རིམ་པ་གསུམ་པ་བཏང་འདུག རྒྱ་ནག་ལ་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་དུས་སུ་ཉེན་བརྡ་རིམ་པ་དང་པོ་ནས་བཞི་པའི་བར་དུ་གཏོང་སྲོལ་ཡོད་པ་སྟེ། རིམ་པ་དང་པོ་ནི་ཛ་དྲག་ཆེ་ཤོས་དང་རིམ་པ་བཞི་པ་ནི་ཛ་དྲག་ཆུང་ཤོས་ཡིན་ཞིང་། གཉན་རིམས་ནག་པོ་ནི་ཕྱུགས་ཟོག་ལ་ཁྱི་ཤིག་དང་ལྗི་བ་བཏབ་པ། བྱི་བ་དང་ཨ་བྲ་སོགས་ནས་ཕྱུགས་ཟོག་ལ་བགོས། ཕྱུགས་ཟོག་གིས་མི་ལ་བགོས་ཏེ་བཅོས་ཐབས་དཀའ་བ་དང་སྔོན་ཆད་དུས་རབས་བར་མའི་དུས་སུ་ཡུ་རོབ་གླིང་ལ་གཉན་རིམས་ནག་པོ་ཁྱབ་ནས་མི་བྱེ་བ་༥་ཙམ་ཤི་ཡོད་པ་ལོ་རྒྱུས་སུ་འཁོད། རྒྱ་ནག་གཞུང་གིས་ལོ་འདིའི་ལོ་མཇུག་བར་དུ་ནང་སོག་ལ་གཉན་རིམས་ནག་པོ་ཁྱབ་གདལ་འགྲོ་སྲིད་པའི་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་བཏང་འདུག

ནང་སོག་གི་རྔོན་པ་དེས་རི་བོང་ཞིག་བསད་ནས་ཤ་བཟོས་ཏེ་གཉན་རིམས་ནག་པོ་འགོས། ནད་ཡམས་དེའི་ནད་རྟགས་ནི་རྨེན་མདུད་སྐྲང་ནས་ན་ཟུག་སྡང་བ་དང་ཚ་བ་འཕར། གྲང་ཤུམ་རྒྱག་པ་དང་གློ་རྒྱག་པ་བཅས་ཡིན་པས་བྷ་ཡན་ནུར་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་རྔོན་པ་དེར་འགོས་ཡོད་པའི་གཉན་རིམས་ནག་པོ་ནི་མི་ནས་མི་ལ་མི་བགོ་སྲིད་པས་སྔོན་འགོག་བྱ་དགོས། རྔོན་རྒྱག་དང་ནད་ཡམས་འགོས་ཡོད་པའི་སེམས་ཅན་གྱི་ཤ་ཟ་བ་སོགས་ལ་འཛེམ་ཟོན་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ། ད་ལྟའི་དུས་སྐབས་འདིར་བྷ་ཡན་ནུར་གྲོང་ཁྱེར་ཧྲིལ་པོར་མི་ནས་མི་ལ་གཉན་རིམས་ནག་པོ་བགོས་ནས་ནད་ཡམས་ཆེན་པོ་ཞིག་ལ་གྱུར་ཏེ་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་འདུག མི་མང་གིས་སོ་སོའི་བདེ་ཐང་ལ་དོ་གཟབ་དང་རིམས་ནད་སྔོན་འགོག་ལ་འབད་བརྩོན། མི་གང་ཞིག་ལ་རྨེན་མདུད་སྐྲང་ནས་ན་ཟུང་སྡང་བ་དང་ཚ་བ་རྒྱས་པ། གྲང་ཤུམ་རྒྱག་པ་དང་གློ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན་འཕྲལ་དུ་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོར་སྙན་སེང་ཞུ་དགོས་ཞེས་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

བྷ་ཡན་ནུར་གྲོང་ཁྱེར་གྱི་འགོ་ཁྲིད་ཚོས་མི་མང་ལ་འཕྱི་བ་ནད་པ་མཐོང་བའམ། ཡང་ན་འཕྱི་བ་ཤི་ཡོད་པའི་རོ་མཐོང་ན་དེ་ལ་ལག་པ་འཆང་མི་ཉན་པ་དང་ས་གནས་ཀྱི་འཕྲོད་བསྟེན་ལས་སྣེ་ཚོར་ངེས་པར་དུ་བརྡ་རྒྱག་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། རྒྱ་ནག་བྱང་ཕྱོགས་ཀྱི་ས་གནས་ཕལ་མོ་ཆེ་དང་ནང་སོག་བཅས་སུ་མི་ཚོས་འཕྱི་བའི་ཤ་ཟ་ཡི་ཡོད་པས་འཕྱི་བ་ནད་པའི་ཤ་བཟོས་ནས་མི་ལ་ནད་ཡམས་ཚབས་ཆེན་འགོས་མྱོང་། ནང་སོག་གི་ཧུ་ཁ་མཚོ་འགྲམ་གྱི་ཏར་བྷ་གྷན་རྩྭ་ཐང་གི་འཕྱི་བ་དེ་ཚོས་༡༩༡༡་ལོའི་གློ་ཚད་ཀྱི་ནད་ཡམས་ཆེན་པོ་ཞིག་བསླངས་ཏེ་རྒྱ་ནག་བྱང་ཕྱོགས་སུ་མི་༦༣༠༠༠་ཡས་མས་ཤིག་ཤི། སྐབས་དེར་རྒྱལ་སྤྱིའི་ཐོག་ཏུ་འཕྱི་བའི་པགས་ཚོང་དར་ནས་མི་ཚོས་འཕྱི་བ་བསད། འཕྱི་བའི་པགས་པ་རྣམས་རྒྱ་ནག་རྒྱལ་ཡོངས་སུ་སྐྱེལ་འདྲེན་བྱས་པའི་ལམ་དུ་མི་སྟོང་ཕྲག་མང་པོར་གཉན་རིམས་ནག་པོ་བགོས། ༡༩༡༡་གི་གཉན་རིམས་ནག་པོ་ལོ་གཅིག་གི་ནང་ཚུད་དུ་འཇོམས་ཐུབ་ཡོད་ཀྱང་འཕྱི་བའི་འགོས་ནད་དེ་ཉིད་རྩ་འཇོམས་མ་ཐུབ་པར་ལོ་བཅུ་ཕྲག་མང་པོ་འགོར། བདུན་ཕྲག་སྔོན་མར་ནང་སོག་གི་ཕུ་ནུ་གཉིས་ཀྱིས་འཕྱི་བ་ཞིག་གི་ཤ་བཟོས་ཏེ་གཉན་རིམས་ནག་པོ་འགོས་པ་ངེས་གཏན་བྱུང་འདུག ན་ནིང་ཕྱི་ཟླ་༥་པར་ནང་སོག་གི་ཁྱོ་ཤུག་ཟུང་གིས་འཕྱི་བའི་མཁལ་མ་རྗེན་པ་བཟོས་པའི་རྗེས་སུ་གཉན་རིམས་ནག་པོ་འགོས་ནས་འདས་གྲོངས་སུ་གྱུར་ཡོད་པར་མ་ཟད། མི་གཉིས་ལ་གློ་ཚད་ཀྱི་རིམས་ནད་ཕོག་པ་དང་མི་གཅིག་ལ་གློ་ནད་བྱུང་། ཟླ་བ་འགའ་ཞིག་གི་རྗེས་སུ་ནང་སོག་ཡོངས་རྫོགས་ལ་གློ་ནད་ཀྱི་རིམས་ནད་ཅིག་ཁྱབ། སོག་པོ་ཚོར་འཕྱི་བའི་ཤ་བཟོས་ནས་གཟུགས་པོ་གསོ་ཐབས་བྱེད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་དར་ཡོད་པ་ནི་ཉེན་ཁ་ཆེན་པོ་ཞིག་རེད།།

ད་ལྟ་གཉེན་འཇོམས་ཀྱི་སྨན་དང་འགོག་ཁབ་སོགས་ཡོད་པས་གཉན་རིམས་ནག་པོ་ཡིན་པ་འཕྲལ་དུ་ནད་ངོ་ཆོད་ན་དུས་རབས་བར་མའི་སྐབས་སུ་ཡུ་རོབ་གླིང་ལ་གཉན་རིམས་ནག་པོ་ཁྱབ་ནས་མི་ས་ཡ་མང་པོར་འཆི་སྐྱོན་བྱུང་བའི་ནད་ཡམས་དེའི་རིགས་སྔོན་འགོག་ཐུབ་མོད། འོན་ཀྱང་ད་དུང་ཡང་དེང་རབས་ཀྱི་སྨན་དང་འགོག་ཁབ་བཅས་ཀྱིས་གཉན་རིམས་ནག་པོ་རྩ་འཇོམས་བྱེད་ཐུབ་མེད་པས་ནད་ངོ་མ་ཆོད་པར་ཡུན་རིང་ལུས་ན་མིའི་ཚེ་སྲོག་ལ་བསྡོ་བའི་ཉེན་ཁ་ཆེ། ཉེ་བའི་ལོ་ཤས་ཤིག་ནས་འཛམ་གླིང་གི་ས་གནས་ཁག་ཅིག་ལ་གཉན་རིམས་ནག་པོ་ཕྱིར་ལོག་རྒྱག་གི་ཡོད་པས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གཉན་རིམས་ནག་པོ་ནི་བསྐྱར་ལོག་གི་ནད་ཡམས་ཤིག་ལ་ངོས་བཟུང་། ལོ་ལྟར་འཛམ་གླིང་ཡུལ་གྲུ་ཁག་ཏུ་མི་༡༠༠༠་ནས་༢༠༠༠་ཡས་མས་རེ་གཉན་རིམས་ནག་པོས་འཆི་སྐྱོན་འཕོག་གི་ཡོད་པའི་ཚོད་དཔག་བྱས་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐོ་འགོད་མ་ཐུབ་པའི་ནད་པ་མང་པོ་ཞིག་ལ་གཉན་རིམས་ནག་པོ་ཕོག་ནས་འཆི་སྐྱོན་འབྱུང་། དེས་ན་གོང་གི་ཚོད་དཔག་གི་གྲངས་འབོར་དེ་ཧ་ཅང་དམའ་དྲགས་པ་དང་འཛམ་གླིང་འདིར་ནད་ཡམས་ཁག་ཅིག་གཏན་ནས་རྩ་མེད་གཏོང་མ་ཐུབ་པར་ལུས། རིམས་ནད་རྙིང་པ་རྩ་མེད་གཏོང་ཐུབ་མེད་པའི་རྒྱལ་ཁབ་ཁག་ནི་ཨ་ཧྥི་རི་ཀའི་ཀོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མཱ་དྷ་གྷ་ས་ཁར། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕེ་རུ་གསུམ་ཡིན་ཞིང་། ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁག་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་རི་རྒྱལ་ཡོངས་སུའང་ལོ་ལྟར་མི་དྲུག་བདུན་རེ་ནས་མི་བཅུ་གྲངས་རེ་ལ་ནད་ཡམས་འགོ་བཞིན་ཡོད། དཔེར་ན་༢༠༡༥་ལོར་ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེའི་མི་ཞིག་ལ་གཉན་རིམས་ནག་པོ་ཕོག་ནས་འདས་གྲོངས་སུ་གྱུར། ༢༠༡༤་ལོར་མངའ་སྡེ་དེའི་མི་༨་ལ་གཉན་རིམས་ནག་པོ་འགོས་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གཞུང་གིས་བྷ་ཡན་ནུར་ས་གནས་སུ་གཉན་རིམམས་ནག་པོ་ཁྱབ་པར་ཛ་དྲག་གི་ཉེན་བརྡ་རིམ་པ་དང་པོ་དང་གཉིས་པ་སོགས་མ་བཏང་བར་ཉེན་བརྡ་རིམ་པ་གསུམ་པ་བཏང་དོན་ཅི་ཞིག་ཡིན་ནམ། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ནད་ཡམས་སྔོན་འགོག་གི་ཉེན་བརྡ་རིམ་པ་གསུམ་བཏང་བ་ནི་རྔོན་རྒྱག་མི་ཆོག་པ་དང་རིམས་ནད་བགོ་སྲིད་པའི་སེམས་ཅན་གྱི་ཤ་རྣམས་ཟ་མི་ཆོག་པ། མི་མང་ལ་ནད་ཡམས་ཁྱབ་གདལ་གྱི་དོགས་པ་ཅི་ཞིག་བྱུང་རུང་གོང་རིམ་ལ་སྙན་སེང་ཞུ་རྒྱུ། རྒྱུ་རྐྱེན་ངེས་བཟུང་མེད་པར་ཚ་བ་འཕར་ཏེ་གྲང་ཤུམ་རྒྱག་པ། འཕྱི་བ་ནད་པ་དང་ཤི་རོ་མཐོང་བ་རྣམས་འཕྲོད་བསྟེན་ལས་སྣེ་ཚོར་སྙན་སེང་ཞུ་དགོས་པའི་ཆེད་དུ་ཡིན་འདུག ལྷག་པར་དུ་༢༠༢༠་ལོ་འདིར་རྒྱ་ནག་ནས་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་འཛམ་གླིང་ཡོངས་སུ་མི་ས་ཡ་མང་པོར་ནད་མནར་དང་མི་འབུམ་ཕྲག་མང་པོར་འཆི་སྐྱོན་འབྱུང་གི་ཡོད་པས་རྒྱ་ནག་ལ་འགོས་ནད་ཀྱི་རིགས་ཅི་ཞིག་ཁྱབ་ཀྱང་དེ་ལ་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་གནས་ཚུལ་སྤེལ། ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཀུན་ལ་ཁྱབ་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་འདིའི་ཐོག་ཏུ་གཉན་རིམས་ནག་པོ་ཁྱབ་ཚེ། མུ་གེའི་སྟེང་དུ་ཟླ་ལྷག་ཟེར་བ་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གིས་རིམས་ནད་རིགས་གཉིས་ལ་དུས་གཅིག་ཏུ་སྔོན་འགོག་བྱེད་མ་ཐུབ་པར་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཆག་སྒོ་ཆེན་པོ་ཞིག་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་རེད།།

XS
SM
MD
LG