ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་ལ་སླར་ཡང་མི་འབུམ་༣་ལྷག་ལ་ནད་དུག་འགོས་པ། 


༄༅།། ཕྱི་ཟླ་༤་པའི་ཚེས་༢༣་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་བ་༣༣༢༧༣༠་ལ་ནད་དུག་འགོས་པ་དང་མི་༢༢༦༣་འཆི་སྐྱོན། འདི་ནི་ཉིན་ཞག་གཅིག་གི་རིང་དུ་རྒྱ་གར་བ་འབུམ་ཕྲག་གསུམ་ལྷག་ལ་ནད་དུག་འགོས་པ་ཐེངས་གཉིས་པ་ཡིན་ཞིང་། རྒྱ་གར་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་བསྙལ་ས་མེད་པ་དང་འཚོ་རླུང་གཏོང་རྒྱུ་མེད་པ། སྨན་དང་དབུགས་གཏོང་འཕྲུལ་ཆས། སྨན་ཁང་གི་ཡོ་བྱད་སོགས་འདང་ངེས་མེད་པ། རྒྱ་གར་གྱི་ཕུང་སྲེག་ཁང་དེ་དག་གིས་ཏོག་དབྱིབས་ནད་དུག་གིས་གྲོངས་པའི་བེམ་པོ་རྣམས་བསྲེགས་མ་ཐུབ་པར་མང་ཚོགས་ཀྱིས་རླངས་འཁོར་འཇོག་སའི་ཐང་ཆེན་ཞིག་དང་ཞིང་ཁ་སོགས་ཀྱི་ཐོག་ཏུ་ཕུང་པོ་རྣམས་མེར་སྲེག་གཏོང་དགོས་ཐུག་གི་ཡོད་ཅིང་། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་སུ་ད་ལྟའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་ས་ཡ་༡༦་ལྷག་བརྒལ་ཡོད་པ་དང་མི་༡༨༧༠༠༠་ལྷག་ལ་འཆི་སྐྱོན་བྱུང་འདུག་ཅེས་བཀོད། རྒྱ་གར་གཞུང་གི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ལྷན་ཁང་གི་གཙོ་འཛིན་ཅཱནྡྲི་ཀ་བྷ་དྷུར་གྱིས་ང་ཚོར་ནད་ཡམས་ཁྱབ་ནས་བཟུང་སྟེ་དཀའ་ངལ་འདི་འདྲ་ཞིག་འཕྲད་མྱོང་མེད། ཉེ་དུས་ཤིག་ནས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་ཕྱིན་སོང་། ད་དུང་ཡང་བདུན་ཕྲག་འགའ་ཞིག་ལ་ནད་དུག་ཁྱབ་གདལ་གྱི་ངར་སྒང་དེར་བསླེབ་ས་མ་རེད་ཅེས་བཤད། རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་ངར་ཤུགས་ཆག་གི་མེད་པ་དང་སྲིད་གཞུང་གིས་ནད་ཡམས་སྔོན་འགོག་ལ་འཐུས་ཤོར་སོང་བས་མང་ཚོགས་ཀྱིས་སྲིད་བློན་མོ་དྷིའི་གཞུང་ལ་ཁོང་ཁྲོའི་རྣམ་འགྱུར་སྟོན་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག


དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་གནོད་འཚེ་ཕོག་ཡུལ་གཙོ་བོ་ནི་མ་ཧ་ར་ཤི་ཊི་ར་མངའ་སྡེ་ཡིན་ཞིང་། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་དང་མངའ་སྡེ་གཞན་ཁག་གི་སྤྱི་ཁྱབ་བློན་ཆེན་ཚོས་ཕྱི་ཟླ་༢་པ་ནས་དབུས་གཞུང་གི་འགོ་ཁྲིད་ཚོར་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་ཞིག་འབྱུང་རྒྱུའི་ཉེན་ཁ་འདུག རྒྱ་གར་གཞུང་གིས་ནད་ཡམས་ཁྱབ་གདལ་ཐེངས་གཉིས་པར་སྔོན་འགོག་གི་གྲ་སྒྲིག་དང་དོགས་ཟོན་བྱ་དགོས་ཞེས་ནན་སྐུལ་ཞུས་པ་ཡིན། འོན་ཀྱང་བདུན་ཕྲག་སྔོན་མ་བར་དུ་སྲིད་བློན་མོ་དྷི་དང་རྒྱ་གར་དབུས་གཞུང་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་སྣང་ཆུང་བཏང་སྟེ་འགོག་ཁབ་འབའ་ཞིག་ལ་རེ་ལྟོས་འཆང་སོང་། རྒྱ་གར་དབུས་གཞུང་གིས་མི་དམངས་ལ་སྨན་ཁབ་བརྒྱབ་ནས་ཏོག་དབྱིབས་ནད་དུག་བཀག་སྡོམ་བྱེད་ཐུབ་ཀྱི་ཡོད་པའི་འུར་སྒྲོགས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་མངའ་སྡེ་ཁག་ལ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་དུ་བཅུག ཕྱི་ཟླ་༤་པ་ཧྲིལ་པོར་ཨུ་ཏར་ཁན་མངའ་སྡེའི་ཧ་རི་དྷོ་ཝར་ས་གནས་སུ་ཀུམ་བྷུ་མེ་ལ་ཞེས་པའི་ཆོས་ལུགས་དུས་ཆེན་ཚོགས་ཏེ་རྒྱ་གར་བ་ས་ཡ་མང་པོ་གནས་གཅིག་ཏུ་འདུ་རུ་བཅུག་པ། ཡང་རྒྱ་གར་གྱི་ཚོན་གཏོར་དུས་ཆེན་ཉིན་མི་གྲངས་དུང་ཕྱུར་མང་པོ་སྲང་ལམ་ཁག་ཏུ་འདུ་རུ་བཅུག་སྟེ་ཕན་ཚུན་ཚོན་གཏོར་པ་དང་བྲོ་འཁྲབ། རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་དང་མི་ཚོགས་འདུ་འཛོམ། གློག་བརྙན་ཁང་རྣམས་སྒོ་ཕྱེ་པ་དང་གཉེན་སྟོན་རྒྱས་གཤོམ་བཅས་ལ་བཀག་འགོག་མེད་པར་་བཏང་སྟེ་རྒྱ་གར་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་པ་རེད། བདུན་ཕྲག་སྔོན་མར་ད་གཟོད་སྲིད་འཛིན་མོ་དྷིས་ནད་ཡམས་ཁྱབ་གདལ་ཛ་དྲག་ཆེན་པོ་ཞིག་ཡིན་པ་ཁས་བླངས་སོང་ཞེས་སྐྱོན་བཙུགས། འདས་པའི་གཟའ་འཁོར་དེར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༢༨་རྒྱ་གར་གཅིག་པུར་བྱུང་འདུག་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཞི་གྲངས་སུ་བཀོད།།

ཁ་སང་གཟའ་ཕུང་བུའི་ཉིན་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་གི་རྩོམ་པ་པོ་ཧར་ཤི་མན་ཌར་གྱིས་དབུས་གཞུང་གི་འགོ་ཁྲིད་ཚོར་འཇོན་ཐང་དང་སྙིང་རྗེ་མེད་པ་གསལ་སྟོན་བྱུང་སོང་ཞེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ། ༢༠༡༩་ལོར་སྲིད་བློན་མོ་དྷིའི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་འདེམས་དུས་སུ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ། ན་ནིང་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཟླ་བ་འགའ་ཞིག་ལ་འགྲོ་འོང་བཀག་སྡོམ་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་ཞིག་ཕྱིན་ཀྱང་སྲིད་བློན་མོ་དྷིར་མི་དམངས་ཀྱི་སྐྱོན་བརྗོད་མ་ཕོག ཕྱི་ཟླ་༤་པའི་ཟླ་དཀྱིལ་ནས་རྒྱ་གར་མི་དམངས་རྣམས་དབུས་གཞུང་དང་སྲིད་བློན་མོ་དྷིར་ཡི་ཐང་ཆད། མི་དམངས་ཀྱིས་རང་ཐད་དུ་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བརྒྱུད་ནས་སྨན་ཁང་དང་སྨན། འཚོ་རླུང་དང་དབུགས་གཏོང་འཕྲུལ་ཆས་སོགས་ཛ་དྲག་གི་མཁོ་ཆས་རྣམས་གང་དུ་ཡོད་མེད་སྒེར་ངོས་ནས་འཚོལ་སྒྲུབ། རྒྱ་གར་གཞུང་གིས་དུས་ཐོག་ཏུ་སྨན་ཁང་ཁག་ལ་མཁོ་ངེས་ཀྱི་འཚོ་རླུང་རྣམས་མཁོ་སྤྲོད་བྱེད་མ་ཐུབ་པར་ནག་ཚོང་ཁྲོམ་རའི་ནང་དུ་འཚོ་རླུང་གི་རིན་གོང་ལྡབ་བཅུ་ཕྲག་འགའ་ཞིག་འཕར་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༡༧་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་གྲོང་ཁྱེར་ཆེ་ཁག་གིས་ཕུང་སྲེག་ཁང་དེ་དག་གི་ནང་དུ་བེམ་པོ་སྲེག་ཐུབ་ཀྱི་མེད་པ་དང་དུར་ས་ཡང་འདང་ངེས་མེད་པའི་གནས་སུ་ལྷུང་། རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ནི་ཧ་ཅང་གི་ཉུང་ཉུང་ཞིག་རེད་ཅེས་དོགས་སློང། མི་མང་ས་ཡ་མང་པོས་ཊོས་ཊར་དྲྭ་ལམ་དུ་སྲིད་བློན་མོ་དྷི་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་ཞེས་འཕྲིན་ཐུང་སྤེལ་ནས་ངོ་རྒོལ་བྱ་རྒྱུ་འགོ་ཚུགས་འདུག

ཞིང་ཁ་རུ་ཕུང་སྲེག་གཏོང་བཞིན་པ།
ཞིང་ཁ་རུ་ཕུང་སྲེག་གཏོང་བཞིན་པ།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སི་དྷར་མཱེ་ཧས་ཏོག་དབྱིབས་ནད་དུག་ཐེངས་དང་པོར་ཁྱབ་པའི་དུས་སུ་སྲིད་གཞུང་ལ་གྲ་སྒྲིག་མེད། ནད་ཡམས་དེ་གློ་བུར་དུ་ཁྱབ་སོང་ཞེས་ལན་ཁག་དཀྲི་ས་ཞིག་ཡོད་ཤས་ཆེ། ད་ལྟ་རྒྱ་གར་གཞུང་ལ་གྲ་སྒྲིག་མེད་པ་དང་འཇོན་ཐང་མེད་པ་འདིར་གཟའ་བརྒྱབ་པ་རེད་དམ་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེ་བཞིན་ནུབ་བངྒ་ལའི་སྤྱི་ཁྱབ་བློན་ཆེན་མ་མ་ཏ་བྷ་ནར་ཇཱིས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་པ་འགོག་ཐུབ་ཀྱི་མེད་པའི་འགན་འཁྲི་སྲིད་བློན་ལ་ཡོད། སྲིད་བློན་མོ་དྷིས་འཕྲལ་དུ་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས། ཁོ་པས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་ལས་དོན་གང་ཡང་སྒྲུབ་ཐུབ་ཀྱི་མེད་པར་མ་ཟད། མི་གཞན་པ་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་སྒྲུབ་ཏུ་འཇུག་གི་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཉམས་ཞིབ་པ་ཚོས་སྲིད་བློན་མོ་དྷི་དང་འཕྲོད་བསྟེན་བློན་ཆེན་ཧར་ཤི་ཝྭར་དྷན་སོགས་ཀྱིས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འཇོམས་གྲབས་ཡོད། རྒྱ་གར་གཞུང་གིས་མི་གྲངས་དུང་ཕྱུར་གཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཚར་ཞེས་གྲུབ་འབྲས་བསྒྲགས་ནས་མི་དམངས་ཀྱིས་ནད་དུག་ལ་འཛེམ་ཟོན་བྱ་རྒྱུ་འཐུས་ཤོར་ཕྱིན་པ་རེད། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་དགོས་པའི་ལན་ཁག་གཙོ་བོ་ཞིག་སྲིད་བློན་མོ་དྷི་དང་དབུས་གཞུང་གི་འགོ་ཁྲིད་ཚོར་འདུག་ཅེས་བསྟན། ད་ལོ་རྒྱ་གར་གྱི་མངའ་སྡེ་ཁག་༤་དང་དབུས་གཞུང་གི་ཐད་སྐྱོང་ས་གནས་ཤིག་བཅས་ས་གནས་ཁག་༥་ལ་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པས་སྲིད་བློན་མོ་དྷི་དང་སྲིད་དོན་ཚོགས་པ་ཁག་གིས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་པར་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ།།

བདུན་ཕྲག་སྔོན་མ་ནས་རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་ངང་འཐེན་བྱ་རྒྱུ་ཡིན་ཞེས་བསྒྲགས། སྲིད་བློན་མོ་དྷིའི་བྷི་ཇེ་པི་གཞུང་འཛིན་ཚོགས་པས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་མི་ཚོགས་བསྡུ་སྐོང་བྱ་རྒྱུ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བསྒྲགས་ཀྱང་འོས་བསྡུའི་ལས་འགུལ་རྣམས་ངང་འཐེན་བྱ་རྒྱུའི་གསལ་བསྒྲགས་མ་སྤེལ། ཐོག་མའི་འཆར་གཞི་ལྟར་ན་དེ་རིང་གཟའ་པ་སངས་ཉིན་སྲིད་བློན་མོ་དྷི་ནུབ་བངྒ་ལར་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་དུ་ཕེབས་འཆར་ཡོད་ཀྱང་ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་སྲིད་བློན་མོ་དྷི་ནུབ་བངྒ་ལར་འོས་འདེམས་ལས་འགུལ་སྤེལ་དུ་བསྐྱོད་རྒྱུ་ཕྱིར་འཐེན་བྱས་འདུག བདུན་ཕྲག་འདིར་རྒྱ་གར་གཞུང་གི་འཚོ་རླུང་གི་ལྕགས་མདོང་༡༠༠༠༠༠་སྨན་ཁང་ཁག་ལ་བགྲོ་འགྲེམ་བྱ་རྒྱུ་དང་འཚོ་རླུང་བཟོ་སྐྲུན་གྱི་བཟོ་གྲྭ་ཁག་སྒོ་འབྱེད། སྨན་ཁང་ཁག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱ་དགོས་ཞེས་བཀོད་ཁྱབ་བཏང་ཡང་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་སྨན་ཁང་ཁག་ལ་མ་རག་པར་ནག་ཚོང་ཁྲོམ་རའི་ནང་དུ་ཐིམ་གྱི་ཡོད་པའི་དཀའ་ངལ་ཆེ་རུ་སོང་། གཟའ་འཁོར་འདིར་ལོ་ན་༢༢་ལ་སོན་པའི་ཤར་མ་ཞེས་པ་ཞིག་གིས་ཨ་ཕ་ལྡི་ལི་གསར་པའི་སྨན་ཁང་ཞིག་ཏུ་ཁྱེར་ནས་ཡུན་རིང་སྒུག་ཀྱང་ཉལ་ས་དང་འཚོ་རླུང་མ་ཐོབ་པར་ཨ་ཕ་དེ་སྨན་ཁང་གི་ཕྱི་ལོགས་སུ་གྲོངས། ཁོ་པས་ང་རང་ཁྱིམ་དུ་ཕྱིར་ལོག་བྱས་དུས་ཨ་མར་ཡང་ཏོག་དབྱིབས་ནད་དུག་འགོས་ནས་དབུགས་གཏོང་ཐུབ་ཀྱི་མི་འདུག ངས་འཕྲལ་དུ་ནག་ཚོང་ཁྲོམ་ར་ནས་འཚོ་རླུང་ཉོས་ཏེ་ཨ་མར་འཚོ་རླུང་ཁ་སྣོན་བཏང་བ་ཡིན། ང་ཚོས་ཉི་མ་འགའ་ཞིག་ལ་སྒུག་པའི་རྗེས་སུ་ཨ་མར་སྨན་ཁང་ནང་དུ་ཉལ་ས་ཞིག་རག་སོང་ཞེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད། ད་ལྟ་རྒྱ་གར་མི་དམངས་ཀྱིས་སྲིད་བློན་མོ་དྷིའི་གཞུང་ལ་ནད་ཡམས་འདིར་སྔོན་འགོག་བྱེད་པར་ལོ་གཅིག་ལ་གྲ་སྒྲིག་བྱེད་པའི་དུས་ཚོད་བྱུང་ཡོད། ནད་ཡམས་ཐེངས་གཉིས་པ་ཁྱབ་པའི་དུས་སུ་ནད་པ་ཚོར་འཚོ་རླུང་དང་དབུགས་གཏོང་འཕྲུལ་ཆས། ཉལ་ཁྲི་སོགས་འདང་ངེས་ཤིག་གྲ་སྒྲིག་བྱེད་མ་ཐུབ་པ་ནི་ཞབས་འདྲེན་རེད་ཅེས་ཁ་རྡུང་གཏོང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

XS
SM
MD
LG