ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འབྲུག་ཡུལ་གྱི་ཁོར་ཡུག་ལ་གད་སྙིགས་ཀྱིས་འབག་བཙོག 


༄༅།། འབྲུག་ཡུལ་གྱི་བཀྲ་ཤིས་སྒང་གི་གྲོང་གསེབ་ཁག་ཏུ་འགྱིག་ཤོག་དང་གད་སྙིགས་སྤུངས་ཏེ་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཕོག ཕྱི་ཟླ་༥་པའི་ཚེས་༩་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་གྲོང་ཁྱེར་ཁག་ཏུ་གད་སྙིགས་མང་དྲགས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ལྟར་བཀྲ་ཤིས་སྒང་གི་མེ་རག་(Merak)གྲོང་ཚོ་ལའང་གད་སྙིགས་སྤུངས་ཏེ་དཀའ་ངལ་གཅིག་མཚུངས་ཤིག་འཕྲད། ས་གནས་དེའི་རྒེད་འོག་དང་སློབ་གྲྭ སག་སྟེང་(Sakteng)རི་སྐྱེས་སེམས་ཅན་སྲུང་སྐྱོབས་ས་ཁུལ་བཅས་ཀྱིས་ཁོར་ཡུག་གཙང་སྦྲའི་ལས་འགུལ་སྤེལ་ཡང་ས་གནས་དེར་གད་སྙིགས་འཕེན་ཡུལ་ལོགས་སུ་མེད་ཅིང་། གུབ་ཉི་མ་ཞེས་པའི་ཡུལ་མི་ཞིག་གིས་ང་ཚོའི་ས་གནས་སུ་ཡུལ་མི་དང་ལྟ་སྐོར་བ་ཚོས་གད་སྙིགས་གང་སར་འཕེན་གྱི་འདུག མི་མང་གི་བསམ་བློའི་འདུ་ཤེས་བསྒྱུར་དགོས་ཀྱི་འདུག་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

བཀྲ་ཤིས་སྒང་གི་རྒེད་འོག་ལྔའི་ཁྱབ་ཁོངས་སུ་ཁྱིམ་ཚང་༣༥༡་ཡོད་པ་དེ་དག་གིས་ཟླ་བ་རེའི་ཚེས་༩་ཉིན་གད་སྙིགས་བསྡུས། གུབ་ཉི་མས་ང་ཚོས་ཁོར་ཡུག་ལ་གཙང་སྦྲང་བྱེད་ཐེངས་རེར་གད་སྙིགས་སྤྱི་རྒྱ་༢༠༠༠་ནས་༣༠༠༠་ཡས་མས་རེ་བསྡུ་དགོས་ཀྱི་འདུག་ཟེར། དེ་བཞིན་འཕྲིན་ལས་དབང་མོ་ཞེས་པའི་གྲོང་གསེབ་པ་ཞིག་གིས་ཀྱང་སྔོན་ཆད་མེ་རག་ས་གནས་སུ་འགྱིག་ཤོག་དང་ཤོག་གུ་ནི་དཀོན་པོ་རེད། གྲོང་གསེབ་དེར་རྒྱ་ལམ་འཛུགས་སྐྲུན་བྱས་པ་དང་ཚོང་ཁང་༢༠་ཡས་མས་ཤིག་སྒོ་ཕྱེ་བའི་རྗེས་སུ་འགྱིག་ཤོག་དང་བཟའ་བཏུང་གི་ཤོག་འཐུམ་སོགས་གང་སར་གཏོར་ཏེ་གད་སྙིགས་མང་དུ་འགྲོ་བཞིན་འདུག་ཅེས་གསར་འགོད་པར་དཀའ་ངལ་རྣམས་གླེང་། ད་ལྟ་མེ་རག་གྲོང་ཚོར་གནས་སྐབས་རིང་གད་སྙིགས་འཕེན་ས་གཉིས་ལས་མི་འདུག སག་སྟེང་རི་སྐྱེས་སེམས་ཅན་སྲུང་སྐྱོབ་ཁང་གིས་གད་སྙིགས་འཕེན་སའི་ལྕགས་ཟོམ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

མེ་རག་གྲོང་ཚོའི་ཡུལ་མི་གུབ་ཉི་མས་མུ་མཐུད་དུ་ཀུན་གསལ་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། གད་སྙིགས་ས་འོག་ཏུ་སྦ་ས་མེད་པ་དང་སྐྱེལ་འདྲེན་ཀྱི་མཐུན་རྐྱེན་མེད། དེང་སྐབས་ས་གནས་གང་སར་རླངས་ཁོར་བསྐྱོད་ཐུབ་པའི་རྒྱ་ལམ་འཛུགས་སྐྲུན་བྱས་ཡོད་པས་གད་སྙིགས་བསྡུ་རྒྱུ་དཀའ་ངལ་ཆེན་པོ་ཞིག་མ་རེད། རྒེད་འོག་ཚོས་ས་གནས་གནད་འགག་ཅན་དེ་དག་ལ་གད་སྙིགས་འཕེན་ས་ལྕགས་ཟོམ་འཇོག་དགོས། དེ་ལྟར་བྱུང་ན་རླངས་འཁོར་ཡོང་སྟེ་གད་སྙིགས་བསྡུ་ཐུབ་ཅེས་བཀྲལ། འབྲུག་ཡུལ་གྱི་སྤྱི་གླིང་ཁག་གི་ལས་སྣེ་ཚོས་མི་མང་ལ་གད་སྙིགས་ཉུང་དུ་གཏོང་དགོས་པའི་བསམ་བློའི་གོ་རྟོགས་སྤེལ་གྱི་ཡོད། ང་ཚོས་ཡུལ་མི་ཚོར་ཤོག་སྙིགས་དང་འགྱིག་ཤོག་སོགས་བསྐྱར་དུ་བཀོལ་སྤྱོད་བྱ་དགོས་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅེས་བཤད།།

མེ་རག་གྲོང་ཚོའི་རྒེད་འོག་ལས་སྣེ་ཞིག་གིས་གད་སྙིགས་མེར་སྲེག་གཏོང་དུ་འཇུག་གི་མེད་པས་བཀྲ་ཤིས་སྒང་དང་རང་བྱུང་གྲོང་རོང་ཁག་ཏུ་གད་སྙིགས་མ་འཕངས་ཐབས་མེད་རེད། འོན་ཀྱང་ང་ཚོར་འགྲོ་གྲོན་མེད་པའི་རྐྱེན་གྱིས་གད་སྙིགས་ཚང་མ་ས་འོག་ཏུ་སྦེད་ཐུབ་ཀྱི་མི་འདུག ལྟ་སྐོར་བ་ཚོ་གང་དུ་བསྐྱོད་ཀྱང་འགྱིག་ཤོག་དང་སྦི་རག སིལ་ཁུ་སོགས་ཀྱི་ཤེལ་དམ་རྣམས་གཡུགས། ས་གནས་ཀྱི་གཞུང་སོ་སོས་ཟླ་བ་རེར་ཁོར་ཡུག་གཙང་སྦྲ་ཐེངས་རེ་བྱེད་ཀྱི་ཡོད་པར་རྔོ་མི་ཐོགས། མི་མང་ལ་གད་སྙིགས་ཀྱི་སྐྱོན་རྣམས་ངོས་ཟིན་དུ་འཇུག་རྒྱུ་གནད་འགག་ཆེན་པོ་རེད། ས་ཆའི་ཆགས་ཡུལ་དང་རྒྱང་ཐག་སོགས་ཀྱིས་གད་སྙིགས་བསྡུ་མི་ཐུབ་པ་འབྱུང་གི་འདུག མི་མང་གིས་གད་སྙིགས་ལ་དབྱེ་གསེས་བྱེད་ཐུབ་ཀྱང་སྐྱེལ་འདྲེན་བྱེད་ཐུབ་རྒྱུ་ཁག་པོ་འདུག་ཅེས་བཤད།།

མེ་རག་ས་གནས་སུ་ཟླ་བ་རེའི་ཚེས་༡༡་ཉིན་ཡུལ་མི་ཚོས་ཡུལ་ལྷ་ཨ་མ་ཇོ་མོ་གསོལ་བའི་དུས་ཆེན་ཡིན་པ་དང་སྐབས་དེར་རི་ལུང་ལ་གཙང་སྦྲ་བྱེད་སྲོལ་ཞིག་དར། ལོ་ལྟར་ཕྱི་ཟླ་༡་ནས་༣་པའི་བར་དུ་འབྲོག་པ་ཚོ་དགུན་སར་སྤོར་བའི་དུས་ཚོད་ཡིན་པས་ཁོར་ཡུག་ལ་གཙང་སྦྲ་བྱ་ཐབས་ཟད། ཡུལ་མི་ཚོས་གད་སྙིགས་མེར་བསྲེགས་བྱས་ན་ཡུལ་ལྷ་ཨ་མ་ཇོ་མོར་མནོལ་གྲིབ་ཐེབས་ཀྱི་རེད་ཟེར་བ་དང་གད་སྙིགས་རྣམས་ཆུ་ནང་དུ་འཕེན་རྒྱུར་འཛེམས། ལོ་ན་༦༡་ལ་སོན་པའི་བུད་མེད་ངག་ལྡན་ཞེས་པ་ཞིག་གིས་ཨ་མ་ཇོ་མོ་ནི་ང་ཚོའི་ཡུལ་ལྷ་རེད། ཁོང་གིས་གནམ་གཤིས་དང་ཐོན་སྐྱེད་ལ་སྟངས་འཛིན་གནང་གི་ཡོད། གད་སྙིགས་མེར་བསྲེགས་བྱས་ན་གློ་བུར་དུ་གནམ་གཤིས་འགྱུར་ཏེ་ནད་རིགས་འདྲ་མིན་འབྱུང་། མི་ལ་འཆི་བ་དང་ཕྱུགས་ཟོག་ལ་གོད་ཀ་སོགས་འབྱུང་གི་རེད་ཅེས་བཤད་འདུག

ཕྱི་ཟླ་༤་པའི་ཚེས་༢༨་འབྲུག་ཡུལ་གྱི་ཐད་ཀར་རྒྱང་སྲིང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་མཛེས་ལྗོངས་ཁག་གིས་མི་རྣམས་ཡིད་དབང་རབ་ཏུ་འཕྲོག འབྲུག་པ་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་རྒྱལ་སྤྱིའི་ཐོག་ཏུ་བསྔགས་བརྗོད་ཐོབ། ཡིན་ནའང་འབྲུག་ཡུལ་གྱི་མཛེས་ལྗོངས་ཁག་ཏུ་གད་སྙིགས་གཏོར་ནས་འབག་བཙོག་ཏུ་གྱུར འབྲུག་ཡུལ་དུ་གད་སྙིགས་མང་དྲགས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པར་རྒྱུ་རྐྱེན་འགའ་ཞིག་མཆིས། གཅིག་ནི་རྒྱལ་ཁབ་དེའི་མི་འབོར་འཕེལ་རྒྱས་དང་དཔལ་འབྱོར་གོང་འཕེལ། གཉིས་ནི་དངོས་ཟོག་ལོངས་སྤྱོད་པ་ཇེ་མང་དུ་ཕྱིན་པ་སོགས་ལ་ཐུག་འདུག མི་དམངས་ཀྱིས་ཟས་ལྷག་དང་བསྐྱར་དུ་བཀོལ་སྤྱོད་བྱེད་ཆོག་པའི་ཁུག་མ་སོགས་གད་སྙིགས་བྱིངས་དང་མ་བསྲེས་པར་ལོགས་སུ་འཇོག་དགོས། གད་སྙིགས་གང་སར་གཏོར་མཁན་ཚོར་ཉེས་ཆད་དང་དངུལ་སྒོར་གྱི་ཆད་པ་དྲག་པོ་བཅད་ན་འབྲུག་ཡུལ་དུ་གད་སྙིགས་ཉུང་དུ་གཏོང་ཐུབ་ཅེས་རྒྱུས་སྟོན་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG