ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་ཡུལ་ལ་རྒྱ་ནག་གི་ངན་ཇུས་ངོ་འཕྲོད་དུ་འཇུག་དགོས་ཟེར། 


༄༅།། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་༢༠༢༠་ལོར་ས་མཚམས་ཀྱི་རྩོད་གཞི་སེལ་བའི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་བཞག འབྲུག་ཡུལ་གྱིས་འབྲོག་ལམ་བློས་བཏང་ནས་བྱང་ཕྱོགས་ཀྱི་ས་ཆ་ཁག་ཅིག་རག་ཐབས་བྱས་ན་དེ་ལ་རྒྱ་གར་གྱིས་ཡ་ལན་ཇི་ལྟར་སློག་རྒྱུ་ཡིན་མིན་ཉམས་ཚོད་ལེན་གྱི་ཡོད་པ་རེད་ཅེས་ཕྱི་སྲིད་དྲུང་ཆེ་ཀ་ཝ་ཏ་རའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག ཕྱི་ཟླ་༤་པའི་ཚེས་༢༩་ཉིན་རྒྱ་གར་གྱི་དམག་དོན་དཔྱད་ཞིབ་པ་སྟེ། དམག་སྤྱི་གཞོན་པ་ཟུར་པ་ཨ་ཤོ་ཀ་མཱེ་ཏས་རྩོམ་ཡིག་བྲིས་ནས་ཊི་རི་བྷུན་ཚགས་པར་ནང་དུ་བཀོད་པ་ལྟར་ན། འབྲུག་གཞུང་གིས་རང་བཙན་གྱི་ལངས་ཕྱོགས་བཟུང་བ་ནི་ཡུན་དུ་བརྟན་དཀའ། ཁོ་ཚོས་ལ་དྭགས་ཀྱི་ས་ཐོག་ཏུ་རྒྱ་དམག་དཔུང་འཛུལ་བྱེད་ཀྱི་ཡོད་པ་དང་རྒྱ་གར་གྱིས་འབྲུག་ཡུལ་ལ་སྲུང་སྐྱོབ་བྱེད་མི་ཐུབ། དེས་ན་འབྲུག་གཞུང་གིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་བཅད་ན་ལེགས་བསམས་ཡོད་པ་འདྲ་ཞེས་བྲིས། འབྲུག་པའི་སྐུ་ཚབ་ཚོས་རྒྱ་ནག་ལ་གྲོས་མོལ་བྱས་པར་རྒྱ་གར་དོགས་འདྲོག་ཆེན་པོ་ལངས་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་གསར་འགྱུར་ལས་ཁང་ཞིག་གིས་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་ལ་བཅར་འདྲི་ཞུས། ཁོང་གིས་ས་མཚམས་ཀྱི་རྩོད་གཞིའི་ཐད་རྒྱ་ནག་ལ་སྐད་ཆ་བཤད་པའི་ཐོབ་ཐང་འདྲ་མཉམ་ཡོད་ཅེས་གསར་འགོད་པར་ལན་བཏབ། དེ་ནས་རྒྱ་གར་དང་འབྲུག་ཡུལ་གྱི་འབྲེལ་བར་འགལ་ཟླ་ཆེན་པོ་ཞིག་འབྱུང་གྲབས་བྱས་ནས་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་འཕྲལ་དུ་ལྡི་ལི་གསར་པར་ཕེབས་ནས་སྲིད་བློན་མོ་དྷིར་མཇལ་འཕྲད་དང་ཛ་དྲག་ཞི་ཐབས་སུ་འབུངས། རྒྱ་གར་གྱི་དམག་སྤྱི་གཞོན་པ་ཟུར་པ་ཨ་ཤོ་ཀ་མཱེ་ཏས་རྒྱ་ནག་གིས་ཧིན་བོད་ས་མཚམས་ཀྱི་རྩོད་གཞི་དང་འབྲུག་བོད་ས་མཚམས་ཀྱི་རྩོད་གཞི་རྣམས་ཞི་བའི་སྒོ་ནས་ཐག་གཅོད་བྱེད་ཀྱི་མེད་པ་རེད། ང་ནི་༡༩༨༥་ལོར་རྒྱ་གར་གྱི་དཔུང་སྡེ་༣༣་པའི་སྤྱི་ཁྱབ་ཁང་གི་མཐོ་རིམ་ལས་སྣེ་ཞིག་ཡིན། སི་ལི་གུ་རིའི་ཉེ་འཁྲིས་སུ་འགྲེམ་འཇོག་བྱས་ཡོད་པའི་རྒྱ་གར་གྱི་དཔུང་སྡེ་༣༣་པའི་ལས་འགན་ནི་འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། ངས་རྒྱ་ནག་གིས་རིམ་བཞིན་འབྲུག་པའི་ས་ཆ་ཧམ་འཕྲོག་བྱེད་ཀྱི་ཡོད་པ་མཐོང་མྱོང་ཞེས་སྨྲས།།

རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་༡༩༤༩་ལོར་འབྲུག་ཡུལ་དང་རྒྱ་གར་གཉིས་ཀྱིས་ཞི་བདེ་དང་མཛའ་གྲོགས་ཆིངས་ཡིག་བཞག་པའི་འབྲུ་དོན་ལྟར་འབྲུག་གཞུང་གིས་རྒྱ་གར་ལ་གྲོས་སྡུར་མ་བྱས་པར་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱེད་མི་ཆོག་ཅིང་། ༡༩༡༠་ནས་འབྲུག་ཡུལ་དབྱིན་ཇིའི་སྲུང་སྐྱོབ་འོག་ཏུ་ཚུད་ཀྱང་བལ་ཡུལ་ལྟར་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་ནམ་ཡང་མ་གྱུར། དེང་སྐབས་འབྲུག་ཡུལ་གྱི་ཧ་དང་རྒྱལ་ས་ཕིམ་ཕུག་ཏུ་རྒྱ་གར་གྱི་དམག་དཔུང་བཞག་ཡོད་པར་བློ་བདེ་པོ་མེད་པ་རེད། རྒྱ་གར་གྱི་དམག་དཔུང་རྣམས་འབྲུག་དམག་ལ་སྦྱོང་བརྡར་དང་ཕོ་བྲང་གི་སྲུང་དམག་ལ་སྦྱོང་བརྡར་སྤྲོད་མཁན་ཡིན། ༢༠༠༧་ལོར་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་གིས་༡༩༤༩་ལོའི་ཆིངས་ཡིག་བསྐྱར་བཅོས་བྱ་དགོས་པའི་བརྡ་བསྟན། ཆིངས་ཡིག་དེར་འབྲུག་ཡུལ་ལ་ནང་སྲིད་ཀྱི་རང་སྐྱོང་སྟེར་དགོས། འབྲུག་ཡུལ་གྱི་རྒྱལ་སྲུང་དང་ཕྱི་སྲིད་གཉིས་རྒྱ་གར་གྱིས་འགན་ལེན་བྱ་དགོས་ཞེས་འཁོད་པའི་གནས་ཚུལ་ཐོན།།

༡༩༤༩་ལོའི་ཆིངས་ཡིག་དེ་སྲིད་བློན་ནེ་རུའི་དུས་སུ་བཞག་སྟེ་༢༠༠༧་ལོར་སྲིད་བློན་མན་མོ་ཧན་སིང་གི་དུས་སུ་བསྐྱར་དུ་བཅོས། ཆིངས་ཡིག་བསྐྱར་བཅོས་མའི་ནང་དུ་དོན་ཚན་༢་པ་ཁ་སྣོན་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དོན་དུ་མཉམ་འབྲེལ་དམ་ཟབ་བྱ་དགོས། རྒྱལ་ཁབ་གཉིས་ཀས་རང་གི་ས་ཐོག་ཏུ་ཕ་རོལ་པོའི་བདེ་འཇགས་དང་ཁེ་ཕན་ལ་གནོད་པའི་ལས་འགུལ་སྤེལ་དུ་འཇུག་མི་ཆོག་ཅེས་བཀོད། ཆིངས་ཡིག་དོན་ཚན་གཉིས་པའི་འབྲུ་དོན་ལྟར་༢༠༡༧་ལོར་རྒྱ་གར་གྱི་དམག་དཔུང་འབྲོག་ལམ་ཕྱོགས་སུ་འབྲུག་ཡུལ་གྱི་མངའ་ཁོངས་སྲུང་སྐྱོབ་ཏུ་བསྐྱོད། རྒྱ་གར་གྱི་དམག་གིས་རྒྱ་དམག་ལ་ཁ་གཏད་བཅག་ཀྱང་འཇམ་དཔལ་རིར་བཅའ་སྡོད་འབྲུག་དམག་གིས་རྒྱ་གར་གྱི་དམག་ལ་ལག་གདལ་སྦྲེལ་ནས་རྒྱབ་སྐྱོར་མ་བྱུང་ཞིང་། ཁོ་ཚོས་རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུར་འཛེམས། རྒྱ་དམག་འགོག་པའི་རྡོག་ཁྲེས་ཐམས་ཅད་རྒྱ་གར་གྱི་དམག་གིས་ཁུར། ད་ལྟ་འབྲོག་ལམ་གྱི་བདག་དབང་ཐོག་ཏུ་འབྲུག་པའི་ལངས་ཕྱོགས་འགྱུར་ནས་རྒྱ་ནག་ལ་གྲོས་མོལ་བྱེད་ཀྱི་ཡོད་པ་རེད་ཅེས་བྱས་ཡུས་བཤད།།

བདུན་ཕྲག་སྔོན་མར་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་སྟོབས་ཤུགས་རྒྱས་པ་དང་པེ་ཅིང་གི་དབང་འཛིན་པ་ཚོས་འབྲུག་ཡུལ་ལ་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཡིན་ནའང་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་རྩོད་གཞིའི་ཐོག་ཏུ་འགག་སྒྲོལ་ཞིག་འབྱུང་དགོས་ན་རྒྱ་གར་གྱི་ཆོག་མཆན་ཐོབ་དགོས། ལྡི་ལི་གསར་པ་དང་ཐིམ་ཕུག་གཉིས་ལ་འབྲེལ་བ་དམ་ཟབ་ཚུགས་ཡོད་པར་མ་ཟད། རྒྱ་གར་གྱིས་ལོ་ལྟར་འབྲུག་ཡུལ་ལ་ཨ་སྒོར་དུང་ཕྱུར་མང་པོ་དཔལ་འབྱོར་དང་དམག་དོན་རོགས་རམ་སྤྲད། འབྲུག་བོད་ས་མཚམས་ཀྱི་བྱང་ཕྱོགས་དང་ནུབ་ཕྱོགས་སུ་རྒྱ་ནག་དང་འབྲུག་ཡུལ་གཉིས་ལ་རྩོད་གཞི་ཡོད་པ་སེལ་ཐུབ་པ་ཞིག་མིན། ས་མཚམས་ཀྱི་རྩོད་གཞི་ཀུན་གྱི་ནང་ནས་འབྲོག་ལམ་དེ་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་སུམ་འདྲེས་ས་ཁུལ་དུ་ཁེལ་ཡོད་པས་རྒྱ་གར་གྱིས་འབྲུག་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཆོས་ཉིད་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱལ་སྤྱིའི་དམག་དོན་ཉམས་ཞིབ་པ་ཚོས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་གར་གྱིས་འབྲུག་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྒྱུ་མཚན་མེད་པ་ག་ལ་ཡིན། འབྲོག་ལམ་ནི་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན་ཞིང་། གལ་སྲིད་འབྲོག་ལམ་རྒྱ་ནག་གི་ལག་ཏུ་ཤོར་ན་རྒྱ་གར་གྱི་ཤི་རི་གུ་རིའི་ཤུར་འགག་ལ་སྲུང་སྐྱོབ་བྱ་རྒྱུ་དཀའ་ངལ་ཆེ་རུ་འགྲོ་ཤས་ཆེ། རྒྱ་དམག་གིས་རིང་ཚད་སྤྱི་ལེ་༢༢་ཡོད་པའི་ཤི་རི་གུ་རིའི་ཤུར་འགག་བཀག་ན་རྒྱ་གར་གྱི་སྐམ་ས་ཆེན་མོ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་གི་འབྲེལ་མཚམས་བཅད་པ་རེད་ཅེས་གནས་ཚུལ་སྤེལ། ལ་དྭགས་པ་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཟུར་པ་ཕུན་ཚོགས་སྟོབས་ལྡན་གྱིས་རྒྱ་ནག་གིས་འབྲུག་ཡུལ་ལ་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་དགོས་ཞེས་སུན་གཙེར་བྱེད་ཀྱི་ཡོད་པར་བློ་འཚབ་ཡོད། འབྲུག་ཡུལ་ལའང་མྱུར་དུ་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་འདོད་ཡོད་པར་སྣང་། ཉེ་དུས་ཤིག་ནས་འབྲུག་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་སོང་ཞེས་བཀྲལ།།

རྒྱ་གར་གྱི་དམག་དོན་དཔྱད་ཞིབ་པ་སྟེ། དམག་སྤྱི་གཞོན་པ་ཟུར་པ་ཨ་ཤོ་ཀ་མཱེ་ཏས་༢༠༡༩་ལོར་ང་འབྲུག་ཡུལ་དུ་ཕྱིན་པ་ཡིན། འབྲུག་པ་ཚོའི་གྲས་སུ་རྒྱ་ནག་དང་འབྲུག་ཡུལ་གྱི་གནད་དོན་ལ་རྒྱ་གར་གྱིས་ཐེ་ཇུས་བྱ་རྒྱུ་ཐལ་དྲགས་ཀྱི་འདུག་ཅེས་བསམ་ཚུལ་བཤད་མཁན་བྱུང་སོང་། དེ་ནི་མངོན་སུམ་འཛེམ་མེད་དུ་རྒྱ་གར་ལ་སྡང་ཟུག་གི་སྐད་ཆ་བཤད་པ་ཐེངས་དང་པོ་རེད། རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་རྒྱ་གར་གྱི་དམག་བསླེབས་ནས་ཁ་གཏད་བཅག་སོང་། ང་ཚོའི་དམག་གིས་ལ་དྭགས་ཕྱོགས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ། རྒྱ་གར་གྱིས་འབྲོག་ལམ་ཕྱོགས་སུ་རྒྱ་དམག་འགོག་ཐུབ་སོང་ཞེས་དགའ་སྣང་བྱེད་ཀྱི་ཡོད་ཀྱང་རྒྱ་དམག་གིས་འཐབ་ར་དང་བཀོད་འདོམས་ཁང་། ཐད་འཕུར་གནམ་གྲུའི་བཀྱག་ཐེམ། མཉམ་འབྲེལ་གྱི་རྨང་གཞིའི་མཐུན་རྐྱེན་རྣམས་འཛུགས་སྐྲུན་བྱས་འདུག ༢༠༡༩་ནས་༢༠༢༠་བར་དུ་འཁོར་སྐར་གྱིས་བླངས་པའི་འདྲ་པར་ནང་དུ་འབྲུག་པའི་ས་ཐོག་ཏུ་རྒྱ་ནག་གི་གོ་རིམ་ལྡན་པའི་སྒོ་ནས་ཞི་དྲག་གཉིས་སུ་སྤྱོད་ཆོག་པའི་ཁང་པ་༡༠༠༠་ལྷག་འཛུགས་སྐྲུན་བྱས་འདུག་ཅེས་བསྟན།།

ཨ་རིའི་མཁའ་དབྱིངས་འཕྲུལ་རིག་བཟོ་ཚོང་ཁང་གི་འཕྲུལ་ལས་པ་མེག་སི་ཊར་གྱིས་བཤད་པ་ལྟར་ན། རྒྱ་དམག་གིས་ཁམ་བུ་མ་ཆུའི་ཐོག་ཏུ་ཟམ་པ་འཕངས་ནས་ཧ་ལུང་གཤོང་དུ་གཏད། དེང་སྐབས་འཇམ་དཔལ་རིའི་ཕྱོགས་སུ་རྒྱ་ལམ་འཛུགས་སྐྲུན་བྱས་ནས་ཁམ་བུ་མ་ཆུའི་ནུབ་ཕྱོགས་སུ་ས་འབྲུ་འཕྲུལ་ཆས་བཞག་ཡོད་པ་རྣམས་མཐོང་རྒྱུ་འདུག འབྲོག་ལམ་གྱི་ནུ་ལྷ་ནི་རྒྱ་གར་གྱི་དམར་ཐིག་ཡིན་རུང་འབྲུག་ཡུལ་དང་རྒྱ་གར་གཉིས་ཀས་ཆུ་འབི་གཞུང་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་འགོག་ཐུབ་ཀྱི་མེད་པ་རེད་ཅེས་དཔྱད་བརྗོད་སྤེལ། འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་སུམ་འདྲེས་ས་མཚམས་དེ་འབའ་ཐང་ལར་ངོས་འཛིན་བྱ་དགོས་སམ། ཡང་ན་རྒྱལ་མོ་ཆེན་ལ་ངོས་འཛིན་བྱ་དགོས་པ་རེད། རྒྱ་དཀར་ནག་དང་འབྲུག་ཡུལ་བཅས་ལ་སྟོབས་ཤུགས་ཆེ་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་ཐོག་ཏུ་གནད་དོན་དེ་ཐག་གཅོད་བྱ་དགོས་ཞེས་བཤད། དེར་བརྟེན་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་འབྲུག་པའི་སྲིད་བློན་ལ་སྐྱོན་བརྗོད་དྲག་པོ་བྱས་ཤིང་། ཁོང་གིས་འབྲུག་ཡུལ་གྱི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་ཅེས་བསྐྱར་ཟློས་བྱ་དགོས་བྱུང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG